ད་ལོ་བོད་ནང་ཆོ་འཕྲུལ་སྨོན་ལམ་ཚོགས་ཕྱོགས་ཐད་དགོན་སྡེ་ཁག་ལ་ཐག་གཅོད་རང་དབང་མི་འདུག་ཟེར།

མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་རེབ་གོང་རོང་བོ་དགོན་པ་སོགས་དགོན་སྡེ་ཁག་དུ་ད་ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་པར་རྒྱ་ནག་གི་བཀོད་ཁྱབ་ལྟར་འགྲོ་དགོས་བ་ལས་དགོན་པ་རང་ལ་ཐག་གཅོད་རང་དབང་མེད་པ་རེད་འདུག

བླ་བྲང་དགོན་པ། བོད་འབྱོར།

མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་རེབ་གོང་རོང་བོ་དགོན་པ་སོགས་དགོན་སྡེ་ཁག་དུ་ད་ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་པར་རྒྱ་ནག་གི་བཀོད་ཁྱབ་ལྟར་འགྲོ་དགོས་བ་ལས་དགོན་པ་རང་ལ་ཐག་གཅོད་རང་དབང་མེད་པ་རེད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་རེབ་གོང་རོང་བོ་དགོན་པ་སོགས་བོད་ནང་གི་དགོན་སྡེ་ཁག་དུ། ད་ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་པར་རྒྱ་ནག་གི་ཞིང་ཆེན་དང་། ཁུལ། རྫོང་རིམ་པའི་རིམས་ནད་འགོག་སྲུང་ཚན་པ་དང་། མི་རིགས་ཆོས་ལུགས་ལས་དོན་ཁང་བཅས་འབྲེལ་ཡོད་ཚན་པའི་བཀོད་ཁྱབ་ལྟར་འགྲོ་དགོས་བ་ལས་དེ་སྔ་ནང་བཞིན་དགོན་པ་རང་ལ་ཐག་གཅོད་ཀྱི་རང་དབང་གང་ཡང་མེད་པ་དང་། ད་ཆ་འབྲེལ་ཡོད་ཚན་པ་དེ་དག་གི་བཀའ་བཀོད་ལྟར། ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་དགོན་པའི་ནང་ཁུལ་དང་ས་གནས་རང་གི་མང་ཚོགས་ལ་ཚོད་འཛིན་བྱས་ནས་ཚོགས་རྒྱུ་ལས་ཕྱི་ཕྱོགས་སུ་སྒོ་འབྱེད་བྱེད་ཀྱི་མེད་པ་དང་། ལྷག་པར་དགོན་སྡེ་ཆེ་ཁག་ནང་མི་ཚོགས་འཛོམས་ནས་འཆམ་རྒྱག་པ་དང་། གོས་སྐུ་བཤམ་པ། མེ་ཏོག་མཆོད་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་བཟོས་ཡོད། ཡིན་ན་ཡང་གྲོང་གསེབ་ཀྱི་དགོན་སྡེ་ཆུང་གྲས་ནང་དེ་ཙམ་གྱི་དམ་དྲག་མེད་པ་འགྲེལ་བརྗོད་གནང་སོང་།
ཡང་རེབ་གོང་ཕྱོགས་ཀྱི་བོད་མི་ཞིག་གིས། མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་ཁག་གི་ནང་མི་ཚོགས་མི་འཛོམས་ཆེད་གོས་སྐུ་བཤམ་པ་དང་། འཆམ་རྒྱག་པ་སོགས་རྒྱ་ནག་གི་བཀའ་བཀོད་ལྟར་མེད་པར་བཟོས་ནས་དགོན་པའི་ནང་ཁུལ་དུ་སྨོན་ལམ་ཚོགས་བཞིན་པ་དང་། རེབ་གོང་སེང་གེ་གཤོང་མ་དགོན་དུ་ལོ་སར་སྐབས་དགོན་པ་ནང་ཁུལ་ནས་འཆམ་རྒྱབ་པ་དང་གོས་ཐང་ཆུང་བ་རེ་བཤམ་ནས་སྨོན་ལམ་གྱི་བྱེད་སྒོ་སྤེལ་ཟིན་པ་ངོ་སྤྲོད་གནང་བྱུང་།
དེ་བཞིན་འདི་ཚེས་༡༢ཉིན་བླ་བྲང་དགོན་པའི་ཡུལ་སྐོར་ཞབས་ཞུ་ཁང་གིས། སྤྱི་ཟླ་༢བའི་ཚེས་༡༢་ནས་ཚེས་༢༨བར་བླ་བྲང་དགོན་པ་ཡུལ་སྐོར་བ་གཙོས་ཕྱོགས་མཐའ་ཁག་ནས་ཡོང་མཁན་ཚོར་སྒོ་འབྱེད་བྱེད་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་འདུག

དེ་བཞིན་མདོ་སྟོད་དཀར་མཛེས་ཕྱོགས་ཀྱི་གནས་ཚུལ་ལ་གཞིགས་ན། ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པའི་བཀོད་ཁྱབ་ལྟར་། དཀར་མཛེས་དགོན་དུ་ད་ལོ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་འཇུག་གི་མེད་པ་དང་། དེ་ནི་གཙོ་བོ་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་ཡིན་པ་བཤད་ཀྱི་འདུག་ལ། དེ་མིན་དར་རྒྱས་དགོན་པ་སོགས་དཀར་མཛེས་ཕྱོགས་ཀྱི་དགོན་པ་ཕལ་ཆེ་བའི་ནང་དུ་གནས་སྟངས་གཅིག་པ་ཡིན་པ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བྱུང་། ཡང་ཚེས་༢༢ཉིན་སྐུ་འབུམ་བྱམས་པ་གླིང་གི་དོ་དམ་ལྷན་ཁང་ནས་བརྡ་ཐོ་སྤེལ་བའི་ནང་དུའང་། ད་ལོ་རྗེ་སྐུ་འབུམ་དགོན་པས་བཅོ་ལྔའི་མེ་ཏོག་མཆོད་པ་ཕྱི་ཕྱོགས་ལ་སྒོ་འབྱེད་བྱེད་རྒྱུ་མིན་པ་དང་། དེ་ནི་དགོན་པའི་ངོས་ནས་རིམས་ནད་སྔོན་འགོག་གི་བླང་བྱ་གཞིར་བཟུང་སྟེ། ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཕྱི་ཟླ་༢པའི་ཚེས་༢༦ཉིན་གྱི་མཆོད་མཇལ་དང་དགོང་མོའི་མེ་ཏོག་མཆོད་པ་སྒོ་འབྱེད་རྒྱུ་མིན་པའི་བརྡ་ཐོ་སྤེལ་འདུག
ཉེ་ལམ་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ནད་ཡམས་རིམ་ནད་སྔོན་འགོག་ཚོད་འཛིན་གྱི་གྲོས་དོན་ལྟར། བརྡ་ཐོ་སྤེལ་ནས་ལོ་སར་སྐབས་ཉིན་༦རིང་ལྷ་སའི་གཙུག་ལག་ཁང་དང་། ཕོ་བྲང་པོ་ཏཱ་ལ། འབྲས་སྤུངས་དགོན་པ་སོགས་སྒོ་རྒྱབ་ནས་མཆོད་མཇལ་དུ་བཏང་མེད་པ་རེད།

ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། སྔོན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་མུ་སྟེགས་སྟོན་པ་དྲུག་ཆོ་འཕྲུལ་ལ་བརྟེན་ནས་ཕམ་པར་མཛད་པའི་རྗེས་དྲན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱ་གར་ཏུ་དབུ་བཙུགས་ཤིང་། ཕྱིས་སུ་རྗེ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་༡༤༠༩ལོར་བོད་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་སྟེ། ད་སྔ་ལོ་༦༡༢རིང་གི་ལོ་རྒྱུས་ལྡན་པའི་དུས་དྲན་ཞིག་ཆགས་ཀྱི་ཡོད་པ་དང་། བོད་ནང་དུས་འགྱུར་བྱུང་བའི་སྐབས་སུ་སྨོན་ལམ་ཆེན་མོ་འདི་ཚོགས་ཐུབ་མེད་པ་དང་། ད་ཐེངས་ཡང་ནད་ཡམས་ཀྱི་རྐྱེན་གྱིས་སྨོན་ལམ་འཚོགས་ཐུབ་ཀྱི་མེད་པའི་གནས་སྟངས་བྱུང་བ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org