བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་རྟེན་གཙོར་གདན་འདྲེན་ཞུས་པ།
སྐབས་རེར་སེམས་བསྐྱེད་སོགས་གནང་སྐབས་ཇོ་བོ་བཞད་མོ་བཞད་མྱོང་ཡོད་པ་སོགས། ༧གོང་ས་མཆོག་གིས་ཉི་ཧོང་དུ་གསུང་ཆོས་ཤིག་གི་སྐབས་བཀའ་གནང་ཡོད་པ་རེད།
- 2023-05-19
-
-
-
Your browser doesn’t support HTML5 audio
ལོ་རེ་འཆར་ཅན་ལྟར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་རྟེན་གཙོ་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་དེ་བཞིན། ས་ག་ཟླ་བའི་ནང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་རྟེན་གཙོར་གདན་འདྲེན་ཞུ་སྲོལ་ཡོད་པ་བཞིན། ད་རེས་ཀྱང་བོད་ཟླ་གསུམ་པའི་གནམ་གང་སྤྱི་ཟླ་༥པའི་ཚེས་༡༩ཉིན། ༧རྒྱལ་བའི་ཕོ་བྲང་ནས་ཇོ་བོ་ཝ་ཏི་བཟང་པོ་ཐེག་ཆེན་ཆོས་གླིང་དུ་སྐྱིད་གྲོང་སྐྱིད་སྡུག་གིས་བྲོ་གར་གྱི་མཆོད་པ་དང་བཅས་གདན་འདྲེན་ཞུས་ཡོད་ཅིང་། སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་ནི་རྟེན་ཧ་ཅང་གིས་འགངས་ཆེན་དང་བྱིན་རླབས་ཅན་ཞིག་ཡིན་པས། སྐབས་རེར་སེམས་བསྐྱེད་སོགས་གནང་སྐབས་ཇོ་བོ་བཞད་མོ་བཞད་མྱོང་ཡོད་པ་སོགས། ༧གོང་ས་མཆོག་གིས་ཉི་ཧོང་དུ་གསུང་ཆོས་ཤིག་གི་སྐབས་བཀའ་གནང་ཡོད་པ་རེད།
སྐྱིད་གྲོང་གི་བགྲེས་སོང་ཟླ་བ་བཟང་པོ་ལགས་ནས་སྐྱིད་གྲོང་ཇོ་བོ་ནི་ཇོ་བོ་སྤུན་གསུམ་གྱི་ནང་ནས། བོད་མི་ཡོངས་ཀྱི་སྐྱིད་སྡུག་བཅོལ་ས་དང་གསོལ་བ་འདེབས་ས་ཞིག་ཡིན་པས། ཚང་མ་ལ་ཕན་ཐོགས་ཡོད་པ་ཞིག་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སྐྱིད་གྲོང་སྐྱིད་སྡུག་གི་རྨོ་མོ་ཉི་མ་བཟང་མོ་ལགས་ནས། མོ་རང་ཆུང་དུས་ནས་བཟུང་སྐྱིད་གྲོང་ནས་ཇོ་བོ་ལ་མཆོད་པ་ཕུལ་བ་སོགས་གནང་གི་ཡོད་པར་བརྟེན། དེ་རིང་ཇོ་བོ་ལ་མཆོད་པ་ཕུལ་ཏེ་མོ་རང་མིག་ཆུ་ཤོར་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་འགྱུར་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་ནི། ཆོས་རྒྱལ་སྲོང་བཙན་གྱི་སྐབས་བལ་ཡུལ་ནས་བོད་དུ་གདན་འདྲེན་ཞུས་པ་ཞིག་དང་། མང་ཡུལ་སྐྱིད་གྲོང་དུ་ལོ་རེར་གྲོང་དཔོན་རེ་མཛེ་ནད་ཀྱིས་ཤི་བཞིན་པའི་བར་ཆད་སེལ་ཆེད་སྐྱིད་གྲོང་དུ་བཞུགས་སུ་གསོལ་ཡོད་ནའང་། ༧གོང་ས་ལྔ་པ་ཆེན་མོ་དང་༧རྒྱལ་མཆོག་བརྒྱད་པ་འཇམ་དཔལ་རྒྱ་མཚོ་སོ་སོའི་སྐུ་དུས་སུ། གོར་ཁའི་བཙན་འཛུལ་གྱིས་བལ་ཡུལ་དུ་གདན་འདྲེན་པར་གཡོལ་ཆེད་རྩེ་ཕོ་བྲང་དུ་ཐེངས་མ་གཉིས་ལ་གདན་ཞུས་གནང་མྱོང་བ་སོགས། ༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
བོད་གངས་ཅན་གྱི་ལྗོངས་སུ་ཇོ་བོ་མཆེད་གསུམ་དང་མཆེད་བཞི་སོགས་ཀྱི་ཡ་གྱལ་དུ་བརྩི་སྲོལ་ཡོད་པ། སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་སྤྱི་ལོ་༡༩༥༩ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས། མང་ཡུལ་སྐྱིད་གྲོང་གི་འབྲེལ་ཡོད་ཚོས་སྐུ་ངལ་ཁྱད་བསད་ཀྱིས་རྒྱ་གར་འཕགས་ཡུལ་དུ་གདན་འདྲེན་དང་འབྲེལ། ༧གོང་ས་མཆོག་གི་གཟིམ་ཆུང་དུ་ཐུགས་དམ་གྱི་རྟེན་མཆོག་ཏུ་བཞུགས་སུ་གསོལ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།