དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་སུ་ཡུན་རིང་འདྲི་རྩད་བཀག་ཉར་རྗེས་ཀློད་ཡོད་འདུག
དེ་སྔ་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་ཐེངས་ཁ་ཤས་ལ་བཙན་བཟུང་བཙན་ཁྲིད་བྱས་མྱོང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
- 2024-01-23
-
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ཉེས་མིང་འོག་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡༠ ནང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ། ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་གཡི་པ་ཡུལ་ཚོའི་བཀྲ་ཤིས་དགོན་པའི་དགེ་འདུན་དཀོན་མཆོག་གྲགས་པ་ལགས་སུ་ཟླ་ངོ་གཉིས་མ་ཟིན་ཙམ་རིང་འདྲི་རྩད་བཀག་ཉར་རྗེས། ད་ལྟའི་ཆར་ཀློད་གྲོལ་བཏང་ཡོད་ན་ཡང་། དམ་དྲགས་རྐྱེན་གྱིས་ཁོང་གི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་པ། ཁོང་དང་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཁོང་ད་ལྟའི་ཆར་ཀློད་གྲོལ་བཏང་སྟེ་ཕྱིར་དགོན་པའི་ནང་ཕེབས་ཡོད་ན་ཡང་། ཟླ་དུས་ག་ཚོད་ཅིག་ལ་ཀློད་ཡོད་དང་ས་གནས་གང་དུ་འདྲི་རྩད་བཀག་ཉར་བྱས་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཕན་ཚུན་བཤད་ཐབས་བདེ་བོ་བྱུང་གི་མེད་སྐོར་བརྗོད་བྱུང་ལ། ཡང་ཕ་ཡུལ་གྱི་ཡུལ་མི་སོགས་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས། དཀོན་མཆོག་གྲགས་པ་ལགས་སུ་ད་ཐེངས་གཅིག་པུ་ཙམ་མ་ཡིན་པར། དེ་སྔ་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་ཐེངས་ཁ་ཤས་ལ་བཙན་བཟུང་བཙན་ཁྲིད་བྱས་མྱོང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་དུ་ལོ་མང་རིང་སློབ་གཉེར་གནང་སྟེ་སློབ་མཐར་ཕྱིན་རྗེས། ལོ་ངོ་ ༥ ཙམ་རིང་ཀིརྟི་བྱེས་པ་གྲྭ་ཚང་གི་ཡིག་ཚང་དུ་ཕྱག་ལས་གནང་མྱོང་ཡོད་པ་དང་། རྗེས་སུ་ཕྱི་ལོ་ ༢༠༡༢ ནང་ཕྱིར་ཕ་ཡུལ་དུ་ཕེབས་ཏེ། གཡི་པ་ཡུལ་ཚོའི་བཀྲ་ཤིས་དགོན་པར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པ་རེད། འབྲེལ་ཡོད་ནས་མུ་མཐུད་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་ནི་ནམ་རྒྱུན་ཉམས་ལེན་ཁོ་ནར་བརྩོན་མཁན་ཞིག་ཡིན་པ་ལས། ཆབ་སྲིད་ཀྱི་ལས་དོན་གཉེར་མཁན་དང་རྒྱ་ནག་གི་སྒྲིག་ཁྲིམས་དང་འགལ་མཁན་རིགས་མིན་པ་དང་། ས་གནས་མང་ཚོགས་ནས་ཁོང་ནི་དད་གུས་བྱ་ཡུལ་གྱི་དགེ་འདུན་པ་ཞིག་ཡིན་སྐོར་བརྗོད་བྱུང་།
སྤྱིར་འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་བོད་མི་མང་དག་ཅིག་འཛིན་བཟུང་བྱེད་བཞིན་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༣ ནང་གཞིས་ཀ་རྩེ་ནས་ཡིན་པའི་དབྱངས་མཚོ་ལགས་ཁ་པར་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བཙན་འཁྲིད་དང་། ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༢ ནང་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པ། བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་སུ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་བྱས་པའི་ཉེས་འཛུགས་འོག་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༨ ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ནས་ཡིན་པ།བོད་མི་ན་གཞོན་དཔལ་མགོན་ལགས་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་གཡོགས་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།