རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ལགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ལགས་ཀྱི་པར་རིས། ཟླ་ཚེས་མི་གསལ། མི་སེར་གསར་འགོད་པ།

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ལགས་ནས་ཀིརྟི་དགོན་པའི་འདབས་ཀྱི་དཔའ་བོའི་སྲང་ལམ་ཞེས་པའི་གཞུང་ལམ་སྟེང་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པས་ཁོང་དེ་འཕྲལ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། དགེ་འདུན་པ་པདྨ་ལགས་ནས་ངོ་རྒོལ་སྐད་འབོད་རྗེས་རྒྱ་ནག་གཞུང་གིས་རྔ་བ་དགོན་གྲོང་གཉིས་སུ་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་སྟབས། དགེ་འདུན་པ་པདྨ་ལགས་ནས་ཉིན་དེར་ངོ་རྒོལ་སྐད་འབོད་སྐབས་འབོད་ཚིག་ཅི་ཞིག་བསྒྲགས་དང་། ཁོང་ས་གནས་གང་དུ་བཙན་ཁྲིད་བྱས་ཡོད་དང་ཁོང་གི་ནང་མིའི་གནས་སྟངས་སོགས་གསལ་ཁ་གང་ཡང་མེད་པར་གྱུར་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དགེ་འདུན་པ་པདྨ་ལགས་ནི་རྔ་བ་སོ་རུ་མ་ནས་ཡིན་ཞིང་། རྔ་བ་ཀིརྟི་དགོན་དུ་བཀའ་རམས་བཅུ་པའི་འཛིན་གྲྭའི་ནང་ཡོད་པ་དང་། ཁོང་གིས་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གཉེར་ཁང་དུ་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་བཞིན་ཡོད་འདུག་ལ། ཁོང་གིས་ངོ་རྒོལ་སྐད་འབོད་རྗེས་རྒྱ་ནག་གཞུང་གིས་རྔ་བ་རྫོང་ཐོག་དང་ཀིརྟི་དགོན་པ་སོགས་སུ་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་བྱས་ཡོད་འདུག་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྔ་བ་རྫོང་ཉེན་རྟོག་ཁང་དུ་འབྲེལ་བ་བྱས་ཏེ་དགེ་འདུན་པ་པདྨ་ལགས་ཀྱི་སྐོར་ལ་དྲིས་པར། ངོ་ཤེས་ཀྱི་མེད་ཅེས་ལན་འདེབས་བྱས་མ་སོང་།

གསར་འགོད་པ། དཔལ་འབར། སྒྲོལ་མ་ལྷ་མོ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org