བོད་ཁམས་དཀར་མཛེས་རྫོང་གི་དགོན་པའི་ཆོས་ཁྲིམས་སྐོར།
བོད་ཀྱི་ཁམས་དཀར་མཛེས་རྫོང་གི་འོག་ཏུ་གནས་བཞིན་པའི་དགོན་པ་ཁག་གིས་ཐུན་མོང་གི་ཐོག་ནས་ཆོས་ཁྲིམས་གཏན་འབེབས་གནང་བ།
-
2009-08-24 -
-
-
༄༅༎བོད་ཀྱི་ཁམས་དཀར་མཛེས་རྫོང་གི་འོག་ཏུ་གནས་བཞིན་པའི་དགོན་པ་ཁག་གིས་ཐུན་མོང་གི་ཐོག་ནས་དོན་ཚན་བརྒྱད་ཡོད་པའི་ཆོས་ཁྲིམས་གཏན་འབེབས་གནང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ང་ཚོའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་བཏང་དོན་ལྟར་ན་སེར་རྟ་ཆོས་སྒར་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་དང་མཁན་པོ་ཨ་ཆོས་སྒར་གྱི་མཁན་པོ་ཁག་ཅིག་གིས་ས་གནས་ཁག་ཅིག་གི་ནང་བདེ་འཇགས་དང་ཡ་རབས་ཀུན་སྤྱོད་དར་སྤེལ་ཆེད་ཆོས་ཁྲིམས་དོན་ཚན་བཅུ་གཉིས་བསྡམས་ནས་མི་མང་ཐོག་གསལ་བསྒྲགས་གནང་བའི་རྗེས་སུ་ས་ཁུལ་དུ་ཆོས་དང་འཇིག་རྟེན་གཉིས་ཀྱི་ལས་དོན་ཐོག་གྲུབ་འབྲས་ཡག་པོ་བྱུང་ཡོད་པ་རེད་འདུག བྱས་ཙང་དཀར་མཛེས་དགོན་པའི་དགོན་བདག་ཐུབ་བསྟན་དགེ་ལེགས་མཆོག་གིས་ཐུགས་ཁུར་གཙོ་བོ་གནང་བའི་ཐོག་ནས་དཀར་མཛེས་རྫོང་གི་ཁྱབ་ཁུངས་སུ་གནས་པའི་དགོན་སྡེ་ཆེ་ཆུང་བཞི་ཅུ་ཞེ་གཉིས་ཙམ་གྱིས་སྐུ་ཚབ་འཐུས་མི་འདུ་བསྐོང་གནང་ནས་དཀར་མཛེས་རྫོང་ཁག་བཅོ་བརྒྱད་ནང་དུ་ཡོད་པའི་སྐྱ་སེར་རྣམས་ཀྱིས་སྲུང་བརྩི་གནང་དགོས་པའི་ཆོས་ཁྲིམས་དོན་ཚན་བརྒྱད་ཅན་ཞིག་དཀར་མཛེས་ས་ཁུལ་ཚང་མའི་ནང་དུ་ལག་ལེན་བསྟར་བའི་ཆེད་དུ་གསལ་བསྒྲགས་གནང་འདུག
ད་ལྟ་གོང་དུ་འགྲེལ་བརྗོད་གནང་བའི་ཆོས་ཁྲིམས་དོན་ཚན་བརྒྱད་དཀར་མཛེས་ས་གནས་ཀྱི་རྫོང་ཁག་བཅོ་བརྒྱད་ནང་དུ་ཡོད་པའི་དགོན་པ་ཁག་གི་འཐུས་མི་རྣམས་ཉིན་གྲངས་གསུམ་གྲོས་མོལ་གནང་བའི་གྲུབ་འབྲས་ཤིག་ཡིན་པ་དང་དཀར་མཛེས་ས་ཁུལ་ཁག་ཏུ་དགོན་པ་ཁག་གིས་སྐུ་ཚབ་ཕེབས་ནས་མི་མང་རྣམས་ལ་གསལ་བསྒྲགས་དང་གསལ་བཤད་གནང་བའི་རྗེས་སུ་དཀར་མཛེས་ཁུལ་དུ་ལག་ལེན་བསྟར་རྒྱུ་ཡིན་པ་དང་རྒྱ་ནག་གིས་གནད་དོན་དེའི་ཐོག་ཞིབ་འཇུག་དང་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་དགོན་པ་ཁག་ཆོས་ཁྲིམས་གསར་པ་ལག་ལེན་བསྟར་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག