བླ་མ་དང་མཁའ་འགྲོ་མའི་མིང་འཁྱེར་ནས་མིང་ཚོགས་ལ་མགོ་སྐོར་མཁན་འདུག

དཀར་མཛེས་ཕྱོགས་སུ་བླ་མ་དང་། མཁའ་འགྲོ་མའི་མིང་འཁྱེར་ནས་མང་ཚོགས་ལ་མགོ་སྐོར་གཏོང་མཁན་ཡོད་པ་དཀར་མཛེས་དགོན་པའི་མཁན་རིན་པོ་ཆེ་ཡིས་གསུངས་འདུག

དཀར་མཛེས་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་དགྲ་འདུལ་ལགས། བོད་འབྱོར།

དཀར་མཛེས་ཕྱོགས་སུ་བླ་མ་དང་།  མཁའ་འགྲོ་མའི་མིང་འཁྱེར་ནས་མང་ཚོགས་ལ་མགོ་སྐོར་གཏོང་མཁན་ཡོད་པ་དཀར་མཛེས་དགོན་པའི་མཁན་རིན་པོ་ཆེ་ཡིས་གསུངས་འདུག
དཀར་མཛེས་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་དགྲ་འདུལ་ལགས་ཀྱིས་དེང་སྐབས་དཀར་མཛེས་ཁུལ་དུ་བླ་མ་དང་མཁའ་འགྲོ་མའི་མིང་འཁྱེར་མཁན་ཁག་ཅིག་ཡོང་ནས་མང་ཚོགས་ལ་མགོ་སྐོར་གཏོང་གི་ཡོད་པའི་གནས་ཚུལ་གསལ་སྟོན་གནང་འདུག
དེ་ཡང་ཁོང་གིས་དྲ་རྒྱའི་ཐོག་བརྙན་ཐུང་ཞིག་བཟོས་པའི་ནང་། དཀར་མཛེས་ས་ཁུལ་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་འདུ་འཛོམས་བྱེད་ཡུལ་ཞིག་ཡིན་པ་དང་། རྩ་བའི་དཀར་མཛེས་ཁུལ་དུ་ཚད་ལྡན་གྱི་བླ་མ་དང་། སྤྲུལ་སྐུ།  དགེ་བའི་བཤེས་གཉེན་ཡོད་པའི་ས་ཁུལ་ཞིག་ཡིན་ནའང་དེང་སྐབས་བླ་སྤྲུལ་དང་མཁའ་འགྲོ་མ། མོ་ལུང་རྒྱབ་མཁན། སྐྱེ་བ་སྔ་ཕྱི་ཤེས་མཁན་ཡིན་ལུགས། གྲུབ་ཐོབ་སོགས་ཀྱི་མིང་འཁྱེར་ནས་ཆོས་ལུགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་ནས་མང་ཚོགས་མགོ་སྐོར་གཏོང་མཁན་ཁག་ཅིག་ཡོང་གི་ཡོད་པ་དེ་ཚོར་གཟབ་ནན་བྱ་དགོས་པ་ཡིན་ཞིང་། ད་ནས་བཟུང་དཀར་མཛེས་ཁུལ་གྱི་བླ་མ་དང་།  དགེ་བཤེས་སོགས་ཆོས་ལུགས་ཀྱི་འགན་འཁྲི་ཡོད་པ་ཚོས་བླ་མ་དང་མཁའ་འགྲོ་མ། གྲུབ་ཐོབ་ཀྱི་མིང་འཁྱེར་ནས་མང་ཚོགས་མགོ་སྐོར་གཏོང་མཁན་ཚོ་དངོས་ཡོད་ཀྱི་མིང་དོན་མཚུངས་པ་ཞིག་ཡིན་མིན་རྩད་གཅོད་མཐིལ་ཕྱིན་པ་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུངས་འདུག
ཉེ་དུས་ཀྱང་མཁའ་འགྲོ་མ་ཡིན་ཟེར་བའི་མིང་འཁྱེར་ནས་མང་ཚོགས་ལ་མགོ་སྐོར་གཏོང་བའི་གནས་ཚུལ་བྱུང་ཡོད་པར་བརྟེན།  དཀར་མཛེས་ཁུལ་གྱི་བོད་ཀྱི་བསྟན་པ་འཛིན་མཁན་ཚོས་མཁའ་འགྲོ་མ་ཡིན་ཟེར་མཁན་ཚོ་དང་། སྔོན་ཤེས་ཤེས་མཁན་ཡིན་ཟེར་མཁན་ཚོ་དང་ཐུག་ནས་བདེན་རྫུན་ཁ་གསལ་བཟོས་ཏེ་དངོས་བདེན་ཡིན་པ་རྣམས་ངོས་ལེན་བྱ་རྒྱུ་དང་། རྫུན་མ་རྣམས་ཀྱི་མིང་དང་དགོན་པ་སོགས་ཁུངས་གང་ནས་ཡིན་པ་དང་། མང་ཚོགས་མགོ་སྐོར་བཏང་ལུགས་རྣམས་གསལ་པོ་མང་ཚོགས་ལ་ཐེར་འདོན་བྱ་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org