བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་གནང་རྒྱུ་གལ་ཆེ་བའི་བཀའ་སློབ།
༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཨིན་ཡུལ་ནང་གི་བོད་མི་རྣམས་ལ་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་བཀའ་སློབ་གནང་ཡོད་པ།
-
2017-05-21 -
-
-
Your browser doesn’t support HTML5 audio
༄༅།༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དེ་རིང་གཟའ་ཉི་མའི་ཉིན་ཨིན་ཡུལ་ནང་གི་བོད་མི་རྣམས་ལ་མཇལ་ཁ་གནང་སྐབས། བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སྦྱང་བརྩོན་དགོས་གལ་ཆེ་བ་དང་བོད་མི་ཚང་མ་རྡོག་རྩ་ཆིག་སྒྲིལ་གནང་དགོས་པའི་བཀའ་སློབ་གནང་བ་ཡོད་པ་དང༌། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་གཞིས་བྱིས་བོད་མི་མགྱོགས་མྱུར་མཉམ་འཛོམས་ཡོང་བའི་སྨོན་འདུན་མཛད་འདུག ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཟླ་འདིའི་ཚེས་༡༨་ཉིན་ནས་བཟུང་ཨིན་ཇིའི་རྒྱལ་ས་ལོན་ཌོན་ནང་ཆིབས་བསྒྱུར་ཐོག་མ་དེ་བསྐྱངས་འགོ་ཚུགས་པ་ནས་བཟུང་དད་ལྡན་ཕྱི་ནང་མང་ཚོགས་ལ་གསུང་ཆོས་བསྩལ་གནང་སོགས་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་གཟའ་ཉི་མའི་ཉིན་ཨིན་ཇིའི་རྒྱལ་ས་ལོན་གྲན་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཐོག་མར་བོད་མི་རྣམས་ལ་མ་ཎི་ཡིག་དྲུག་མའི་འཇགས་ལུང་གནང་བ་དང་དེའི་རྗེས་སུ་བོད་མི་རྣམས་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་དང་རྒྱུ་རྐྱེན་གསལ་པོ་ཤེས་དགོས་གལ་ཆེ་བ་དང་། བོད་ཀྱི་སྐད་ཡིག་མི་ཉམས་བརྒྱུད་འཛིན་དགོས་གལ་ཆེ་བའི་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ་དང༌། རྒྱལ་བ་ཀརྨ་པ་མཆོག་གིས་ཟླ་འདིའི་ཚེས་༢༧་བར་ཨིན་ཡུལ་ནང་ཆོས་འབྲེལ་མཛད་འཕྲིན་བསྐྱང་འཆར་ཡོད་པའི་གནས་ཚུལ་འདུག།
གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ།