རྒྱལ་བ་ཀརྨ་པ་མཆོག་དང་རྒྱ་ནག་འབྲེལ་བ་མེད་པ།
ཧི་མ་ཅལ་མངའ་སྡེའི་ཞིབ་འཇུག་བྱེད་མཁན་ཉེན་རྟོག་པ་ཚོས་ཀརྨ་པའི་ཐོག་ཉེས་བཙུགས་བྱས་པ་དེ་ནི་ཁུངས་བདེན་མིན་པ་གསལ་འགྲེལ།
-
2011-02-24 -
-
-
༄༅༎༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་ནག་དང་འབྲེལ་བ་ཡོད་ལུགས་ཧི་མ་ཅལ་མངའ་སྡེའི་ཞིབ་འཇུག་བྱེད་མཁན་ཉེན་རྟོག་པ་ཚོས་ཉེས་བཙུགས་བྱས་པ་དེ་ནི་ཁུངས་བདེན་མིན་པ་གསལ་པོ་ཆགས་ཡོད་པའི་གསལ་འགྲེལ་གནང་ཡོད་འདུག
དེ་ཡང་ཨི་ཨེན་ཨེས་ཞེས་པའི་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེའི་ཡིག་ཚང་གི་མགྲིན་ཚབ་མ་བདེ་སྐྱིད་ཆུང་རྒྱལ་པས་འགྲེལ་བརྗོད་བྱས་པར་ལྟར་ན། རྩ་བའི་ཉེ་ཆར་དངུལ་གྱི་སྟངས་འཛིན་བྱེད་ཕྱོགས་ལ་འཐུས་ཤོར་བྱུང་བའི་གནས་ཚུལ་དངོས་འབྲེལ་རེད། ཡིན་ནའང་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དུས་རྒྱུན་ནས་འཛིན་སྐྱོང་དང་། དངུལ་གྱི་འགྲོ་སོང་གཏོང་ཕྱོགས་དང་ཉར་ཚགས་བྱེད་ཕྱོགས་ལ་ཐེ་བྱུས་རྩ་བ་ནས་གནང་གི་ཡོད་མ་རེད། དམིགས་བསལ་རྒྱ་ནག་དང་འབྲེལ་བ་ཡོད་པའི་ཉེས་བཙུགས་བྱས་པ་དེ་ནི་ཁུངས་བདེན་རྩ་བ་ནས་མ་རེད་ལ་དཔང་རྟགས་གསལ་པོ་མེད་པ་ཞིག་ལ་རྒྱལ་བ་ཀརྨ་པ་རིན་པོ་ཆེར་བློ་དྭོགས་སྐྱེས་གཞིའི་ཉེས་བཙུགས་བྱས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག
ཡང་ཁོང་གིས་གོང་ཞུས་གནས་ཚུལ་ཐོག་མུ་མཐུད་ནས་གསལ་བཤད་གནང་དོན། རྒྱ་ནག་དང་འབྲེལ་བ་ཡོད་པའི་གནད་དོན་གླེང་སློང་ཡོང་སྟངས་ནི་ཉེན་རྟོག་པ་ཚོས་ལག་ཐོག་ཁ་པར་གྱི་བརྒྱུད་ལམ་སིམ་ཀ་ཀྲེ་དེ་དག་རྒྱ་ནག་གི་ཧུ་ཝེའི་བཟོ་གྲྭ་ནས་བཟོས་པ་ཞིག་ཡིན་པ་དེས་གནས་ཚུལ་གསལ་པོ་མ་རྟོགས་པར་གཞི་མེད་པའི་སྐད་ཆ་གསར་འགྱུར་བརྒྱུད་ལམ་ལ་ངོ་སྤྲོད་བྱས་ཡོད་པ་རེད། སིམ་ཀ་ཀྲེ་དེ་དག་ནི་རྒྱ་གར་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱིས་ཀྱང་བེད་སྤྱོད་བྱེད་བཞིན་པ་དང་། རྒྱ་གར་རྒྱལ་ནང་གི་བཟོ་གྲྭ་ནས་ཉོས་པ་ཞིག་ཡིན་པ་དང་དེས་ཀམ་པུ་ཀྲར་དྲ་རྒྱའི་འབྲེལ་མཐུད་ཆེད་བེད་སྤྱོད་བྱེད་པ་ཞིག་ཡིན་པ་ལས་དེས་རྒྱ་ནག་དང་འབྲེལ་བ་ཡོད་པ་དེ་བས་ཁྱབ་ཀྱི་མེད་པ་བཅས་ལ་བརྟེན་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པུ་ལི་སི་ཞིབ་འཇུག་བྱེད་མཁན་ཁག་ཅིག་ནས་ཧོལ་རྒྱུགས་ཀྱི་གནས་ཚུལ་གླེང་སློང་བྱས་པ་གསལ་པོ་རེད་ཅེས་གསལ་བཤད་གནང་བ་དང་ཆབས་ཅིག་དངུལ་འབོར་ཆེན་ཉར་ཚགས་བྱེད་རྒྱུ་དེ་ཡང་རྒྱ་གར་གཞུང་ལ་ཚོགས་པ་དེབ་སྐྱེལ་རིམ་པ་བྱེད་རྒྱུར་སྙན་ཞུ་ཕུལ་ནས་ལོ་ངོ་བརྒྱད་ཙམ་འགྲོ་གི་ཡོད་པ་དང་། དེར་བཀའ་འཁྲོལ་མ་ཐོབ་པར་བརྟེན་ཕྱི་རྒྱལ་དང་རྒྱ་རིགས་དད་ལྡན་པ་ཚོས་ཕུལ་བའི་དངུལ་ལོར་རྣམས་ཉར་ཚགས་བྱས་ནས་བསྡད་རྒྱུ་མ་གཏོགས་གཞན་པའི་ཐབས་ལམ་གང་ཡང་བྱུང་མེད་པ་བཅས་དངུལ་ཉར་ཚགས་ཀྱི་ཁྲིམས་མཐུན་བྱུང་ཡོད་མེད་ཀྱི་ནོར་འཁྲུལ་བྱུང་ཡོད་པ་ལས་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་ནག་དང་འབྲེལ་བ་ཡོད་ལུགས་ཉེས་བཙུགས་བྱས་པ་དེ་དག་ནི་ཁུངས་ལུངས་མེད་པའི་གནས་ཚུལ་ཞིག་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།