བཀའ་ཁྲི་མཆོག་གིས་བཀའ་སློབ་གསུང་བཤད་གནང་སྐོར།
བཀའ་བློན་ཁྲི་པ་མཆོག་ནས་ཨ་རིའི་པེན་སིལ་ལྦེ་ནི་ཡའི་ནང་རྟེན་གཞི་བྱེད་པའི་ཧི་མ་ལ་ཡའི་རིག་གཞུང་ལྟེ་གནས་ཁང་དུ་གསུང་བཤད་གནང་བ།
-
2008-07-29 -
-
-
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གཟའ་ཟླ་བའི་ཉིན་ ཨ་རིའི་བྱང་ཤར་མངའ་སྡེ་ པེན་སིལ་ལྦེ་ནི་ཡའི་ནང་རྟེན་གཞི་བྱེད་པའི་ཧི་མ་ལ་ཡའི་རིག་གཞུང་ལྟེ་གནས་ཁང་དུ་ རིན་པོ་ཆེ་ཉིད་ཀྱིས་ལྗགས་རྩོམ་གནང་པའི་ གཡོ་འགུལ་ཤུགས་ཆེ་ལྡན་པའི་འཛམ་གླིང་ཆེད་ གཡོ་འགུལ་མི་ཐེབས་པའི་བདེན་དོན་ བོད་ཀྱི་ནང་ཆོས་དང་དེང་དུས་ཀྱི་འཛམ་གླིང་ཞེས་མཚན་སྦྱང་དུ་འཁོད་པའི་ཕྱག་དེབ་དེའི་ནང་དོན་ཐད་བཀའ་སློབ་གསུང་བཤད་ཅིག་གནང་ཡོད་པ་དང་ ཕྱག་དེབ་འདི་ནི་འཕུལ་ལས་ཡར་རྒྱས་ཆེན་པོ་ཕྱིན་པའི་དུས་སྐབས་འདིར་ ནང་ཆོས་ཀྱི་དོན་སྙིང་ཇི་ཡིིན་སྐོར་གླེང་སློང་གཏིང་ཟབ་གནང་པའི་ཕྱག་དེབ་ཀྱི་ཚན་པའི་གྲས་ཤིག་ཡིན་འདུག
བཀའ་བློན་ཁྲི་པ་མཆོག་ནས་ འགྲོ་བ་སེམས་ཅན་གྱི་བདེ་སྡུག་སྐོར་དང་ རྡུལ་ཕྲན་མཚོན་ཆ་ཁྱབ་བརྡལ་གྱི་གནད་དོན་དང་ དེ་བཞིན་དཔལ་འབྱོར་འདྲ་མཉམ་མེད་པ་དང་ ཁོར་ཡུག་སྦག་བཙོག་ ཆོས་ལུགས་འཐེན་འཁྱེར་གྱི་གནད་དོན་སོགས་ཀྱི་སྐོར་བཀའ་སློབ་གནང་ཡོད་འདུག་ཅིང་ དམག་འཁྲུག་སྐོར་བཀའ་སློབ་གནང་སྐབས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ འཛམ་གླིང་འདིའི་ནང་མི་མང་པོ་ཞིག་ལྟོགས་ཤི་ཐེབས་པ་དང་ སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་སོགས་ཀྱིས་འདས་གྲོངས་སུ་གྱུར་བཞིན་ཡོད་པ་དང་དུས་མཚུངས་ ཌོ་ལར་ཐེར་འབུམ་མང་པོ་ས་ཡི་གོ་ལ་འདི་ལན་མང་པོར་རྩ་མེད་བཟོ་ནུས་པའི་ལྕི་བའི་གོ་མཚོན་བཟོ་བསྐྲུན་ཆེད་འགྲོ་སོང་གཏོང་བཞིན་ཡོད་པ་རེད་ཅེས་དང་ བཀའ་བློན་ཁྲི་པ་མཆོག་གི་གསུང་བཤད་ཀྱི་མཇུག་སྡོམས་སུ་ འཛམ་གླིང་ཐོག་གི་དཀའ་རྙོག་མང་དག་ཅིག་ཆོས་ལུགས་འཐེན་འཁྱེར་རམ་ ཆོས་ལུགས་ཕན་ཚུན་བཟོད་སྲན་གོ་རྟོགས་མེད་པའི་རྐྱེན་གྱིས་འབྱུང་བཞིན་ཡོད་ལུགས་བརྗོད་བཞིན་ཡོད་ན་ཡང་ དོན་དངོས་ཆོས་ལུགས་ཐོག་ནས་བཟོད་སྲན་མེད་པ་ཞེས་པའི་ཚིག་སྦྱོར་དེར་གོ་རྒྱུ་རྩ་བ་ནས་མེད་པ་ཞིག་རེད་ གལ་ཏེ་གང་ཟག་གང་ཞིག་ཆོས་པ་ཞིག་ཡིན་ཕྱིན་ གང་ཟག་དེ་བཟོད་སྲན་མེད་པ་མིན་པ་དང་ གལ་ཏེ་གང་ཟག་གང་ཞིག་བཟོད་སྲན་མེད་པ་ཞིག་ཡིན་ཚེ་ གང་ཟག་དེ་ཆོས་པ་ཞིག་ཡིན་མི་སྲིད་ལ་ དཔེར་ན་སེམས་པ་ཆེན་པོ་གན་རྡིས་ ངོས་རང་ཧིན་རྡུ་ཡག་པོ་ཞིག་ཡིན་ དེས་ན་ཁ་ཆེ་ཡང་ཡག་པོ་ཞིག་ཡིན་ཞེས་གསུངས་ཡོད་པ་ལུང་འདྲེན་གནང་ཡོད་པ་རེད་ ཚོགས་བཅར་བས་བཅར་འདྲིར་བཀའ་ལན་སྐབས་བཀའ་བློན་ཁྲི་པ་མཆོག་ནས་ ལོ་རབས་བདུན་བཅུའི་ནང་མི་ཚོས་ བོད་འདི་གུང་གྲན་དམར་ཤོག་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པ་བསམ་ཡོད་ན་ཡང་ དོན་དངོས་ནི་ང་ཚོ་དམར་ཤོག་ལ་ངོ་རྒོལ་དང་ མ་རྩའི་རིང་ལུགས་ལ་རྒྱབ་སྐྱོར་ཡོད་པ་གཉིས་ཀ་མ་ཡིན་པར་ བོད་ཀྱི་གནད་དོན་ནི་རིག་གཞུང་དང་ཡུལ་གོམས་པའི་གཤིས་ལུགས་དང་འབྲེལ་བའི་གནད་དིན་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།