བོད་མིའི་མང་གཙོའི་འཕེལ་རིམ་དང་ངོ་བོའི་སྐོར་གསུང་བཤད།
བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ངོ་བོའི་སྐོར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་གསུང་བཤད་གནང་འདུག
-
2011-08-26 -
-
-
༄༅༎བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་སློབ་དུ་
གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་ཆབ་སྲིད་དང༌།
དཔལ་འབྱོར། རིག་གཞུང་གསུམ་གྱི་འཕེལ་རིམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་པའི་ཉིན་གསུམ་པ་སྟེ་འདི་ཚེས་
༢༦ ཉིན་ བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ངོ་བོའི་སྐོར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་གསུང་བཤད་གནང་འདུག
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བཀའ་བློན་ཁྲི་པའི་གསུང་བཤད་གནང་བའི་ནང༌། ད་ཆ་ང་ཚོའི་སྤྱི་ཚོགས་འདི་ཡང་དག་པའི་མང་གཙོའི་ལམ་དུ་སྐྱོད་བཞིན་ཡོད་པ་དེ་ནི། གཙོ་ཆེ་ཤོས་དགའ་ལྡན་ཕོ་བྲང་དང་ཡང་སྒོས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མང་གཙོའི་གོམ་སྟབས་རིམ་སྤོས་མཛད་པས་བཀྲིན་ཡིན་པ་པ་ནི།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱི་སྐུ་དབང་བདག་གིར་བཞེས་ཏེ་ཕྱི་ལོ་༡༩༥༢
ལོར་ལེགས་བཅོས་ལས་ཁུངས་འཛུགས་གནང་མཛད་པ་དང༌། དེ་ནས་ཕྱི་ལོ་
༡༩༥༩ ལོར་མགོན་པོ་གང་ཉིད་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་རྗེས་མང་གཙོ་དངོས་སུ་ཕྱག་བསྟར་གྱིས།
ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་མང་གཙོའི་གྲོས་ཚོགས་འཛུགས་གནང་མཛད་པ་དང༌།
ཕྱི་་ལོ་ ༡༩༦༣ ལོར་བཅའ་ཁྲིམས་གཏན་འབེབས་གནང་བ་སོགས་
འདས་པའི་ལོ་ ༥༠ རིང་བོད་གཞུང་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་ཆབ་སྲིད་དང་།
དཔལ་འབྱོར། རིག་གཞུང་བཅས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་ཆགས་ཡོད་སྐོར་དང༌།
ཡང་ཁོང་གིས་སྐབས་དེར་མུ་མཐུད། ང་ཚོའི་ཕུགས་ཀྱི་དམིགས་ཡུལ་ནི་
བོད་ནང་རང་དབང་བསྐྱར་གསོ་དང་༸གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་ཐུབ་པ་བྱེད་རྒྱུ་ཡིན་པ་ལྟར།
དམིགས་ཡུལ་དེ་དག་ཏན་ཏན་སྒྲུབ་ཐུབ་པ་ཡོང་གི་རེད་ཅེས་དང༌། བོད་ནང་ཕྱི་ལོ་ ༢༠༠༨ དང་། དེ་ནས་ཉེ་བའི་ཆར་རྔ་པ་ཁུལ་དང་རྟའུ་སོགས་སུ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་བ་དེ་དག་ནི།
བཙན་བྱོལ་དུ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ལ་ཡིད་ཆེས་དང་རེ་བ་བྱས་པ་ལས་བྱུང་བ་ཞིག་ཡིན་པར་བརྟེན།
༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། རྩ་དོན་མ་བརླག་པར་འགན་འཁུར་བྱེད་རྒྱུ་དེ་ནི་ང་ཚོའི་ཐོག་འཁྲིས་པའི་ལས་འགན་ཡིན་པར་སོང༌།
ང་ཚོར་དམིགས་བསལ་གྱི་འགན་དང་གོ་སྐབས་ཡོད་པ་དེ་དམ་འཛིན་བྱས་ཏེ་སློབ་སྦྱོང་ཡག་པོ་བྱས་ཐོག་མ་འོངས་པར་རྩ་དོན་རྩོད་རྒྱུར་སྤོབས་པ་དང་གདེང་ཚོད་ཐུབ་པ་དགོས་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པའི་གནས་ཚུལ་བཀོད་འདུག