བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ནིའུ་ཛི་ལན་ཌའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་ནང་གི་གཞུང་འབྲེལ་འཚམས་གཟིགས་འགྲུབ་ནས་ནིའུ་ཛི་ལན་ཌའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ནིའུ་ཛི་ལན་ཌའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པའི་སྐབས། ༡༡།༢༠།༢༠༢༣ CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨོསི་ཊརེ་ལི་ཡའི་(Australia)་ནང་གི་གཞུང་འབྲེལ་འཚམས་གཟིགས་དང་ལས་དོན་ཁག་ཡོངས་སུ་འགྲུབ་ནས། འདི་ཚེས་༡༩ཉིན་ནིའུ་ཛི་ལན་ཌའི་(New Zealand)་རྒྱལ་ས་(Wellington)་ནང་ཕེབས་འབྱོར་བྱུང་ཡོད་པ་དང་། བཀའ་བློན་མཆོག་དང་ལྷན་བཅར་ཡོད་པ་ཁུལ་དེའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཕྱི་ཚེས་༢༠ཉིན་ཕྱི་དྲིལ་བཀའ་བློན་མཆོག་གིས་(New Zealand)་གྱི་བློ་འདོན་ལྟེ་གནས་ཁང་(Asia Pacific Security Innovation)་ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་རྒྱལ་ཁབ་ཁག་གི་སྲུང་སྐྱོབ་དང་འབྲེལ་བའི་གླེང་སྟེགས་སྟེང་འཇམ་པོའི་སྟོབས་ཤུགས་དང་། དེས་རྒྱལ་སྤྱིའི་ནང་དཀའ་ངལ་འཕྲད་བཞིན་པ་གདོང་ལེན་བྱེད་ཐབས་ཞེས་བའི་བརྗོད་གཞིའི་ཐོག་བོད་དོན་གཏམ་བཤད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་༢༡ཉིན་ཡུལ་དེའི་ནང་གནས་འཁོད་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་དང་མཇལ་མོལ་གནང་རྒྱུ་ཡིན་པ་ལྟར། དེ་གའི་བོད་དོན་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཡ་ང་བའི་གནས་སྟངས་འོག་བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་དང་གཏན་འཇགས་སློབ་གྲྭ་ཁག་བརྒྱུད་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དཀའ་ངལ་དང་ཉེན་ཁ། བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་དང་བོད་དོན་ཞུ་གཏུག མ་འོངས་ལས་འཆར་ཁག་ཅིག་གི་སྐོར་བཅས་བགྲོ་གླེང་གནང་རྒྱུ་ཡིན་པ་རེད་འདུག


ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་བཀའ་བློན་གྱི་ཐུགས་འགན་བཞེས་པའི་རྗེས། ཨོསི་ཊརེ་ལི་ཡ་(Australia)་དང་ནིའུ་ཛི་ལེན་ཌའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གཟིགས་ཞིབ་གནང་བ་ཐོག་མ་དེ་ཡིན་པ་རེད།


གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org