ཁས་ལེན་བཞིན་ལག་བསྟར་དགོས།

ཕྱི་དྲིལ་བཀའ་བློན་མཆོག་གིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་ཐད་ཁས་ལེན་བྱས་པ་བཞིན་ལག་ལེན་དོན་འཁྱོལ་བྱེད་དགོས་ཞེས་གསུངས་ཡོད་འདུག

ཕྱི་དྲིལ་བཀའ་བློན་མཆོག་གིས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །ཁ་སང་ཕྱི་ཟླ་༢ཚེས་༡༩ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐེངས་ལྔ་པའི་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྒྱ་ནག་གཞུང་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་རྒྱུ་ཁས་ལེན་ཞུས་པ་དེ་དག་འགན་འཁུར་བླངས་བའི་ཐོག་ནས་ལག་ལེན་དོན་འཁྱོལ་བྱེད་དགོས་ཞེས་གསུང་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན།    ཕྱི་དྲིལ་བཀའ་བློན་མཆོག་གིས་ད་དུང་། རྒྱ་ནག་གཞུང་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་དེའི་གྲུབ་ཆ་བཅས་ལ་ཚད་མཐོའི་མཐུན་འགྱུར་ཞུས་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་ཞུས་པ་དེ་དག་ལ་གུས་བརྩི་ཞུ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་དང་། མཉམ་སྦྲེལ་རྒྱལ་ཚོགས་ནས་དུས་ནས་དུས་སུ་འགྲོ་བ་མིའི་ཐོབ་ཐང་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་དེ་ཕྱི་ལོ་ ༢༠༡༣ ཟླ་ ༡༠ པའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་(UN Universal Periodic Review) ཞེས་པ་ནས་བསྐྱར་དུ་ཞིབ་འཇུག་གནང་རྒྱུ་ཡིན་པ་དང་།  ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༢ པ་ནས་བཟུང་བོད་ནང་ཁྱོན་བོད་མི་མི་གྲངས་ ༡༠༠ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད་པ་དང། དེའི་ཁོངས་ནས་བརྒྱད་ཅུ་བརྒྱ་གྲངས་འདས་གྲོངས་སུ་གྱུར་ཡོད་སྐོར་ངོ་སྤྲོད་དང་འབྲེལ།    ཁོང་རྣམ་པའི་དགོས་འདུན་ཁག་ཀྱང་གསལ་འདོན་གནང་ཡོད་པ་རེད།
ཐེངས་འདིའི་འགྲོ་བ་མི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་འདི་ནི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་ཚན་པ་དང་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་༢༠མཉམ་སྡེབ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org