ཨ་ལགས་སྒོ་རུ་ཚང་གིས་དུས་འཁོར་དབང་ཆེན་གནང་ལ་ཉེ་སྐབས་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་འདུག

ཕྱི་ཟླ་ ༧ ནང་༸གོང་ས་མཆོག་གི་འཁྲུངས་སྐར་བསླེབ་ཀྱི་ཡོད་སྟབས་བཀག་འགོག་བྱས་པ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཨ་ལགས་སྒོ་རུ་ཚང་སྐུ་རྗེ་བཙུན་བློ་བཟང་འཇམ་དཔལ་རྒྱ་མཚོ། ཟླ་ཚེས་མི་གསལ། མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༧ ནང་བོད་ནང་གི་རྔ་བ་ཀིརྟི་དགོན་པའི་ཨ་ལགས་སྒོ་རུ་ཚང་གིས། རྔ་བའི་རྨེ་རུ་མའི་ས་ཐོག་ནས་དུས་འཁོར་དབང་ཆེན་སྐུར་རྒྱུར་གྲ་སྒྲིག་དང་། རྒྱ་ནག་གཞུང་ངོས་ནས་ཆོག་མཆན་ཚང་མ་སྤྲད་དེ། དགོན་པ་དང་ཡུལ་མིའི་ངོས་ནས་གྲ་སྒྲིག་ཆ་ཚང་ཚར་ནས་དུས་དབང་སྐུར་རྒྱུར་བསླེབ་ལ་ཉེ་སྐབས། རྒྱ་ནག་གཞུང་ངོས་ནས་དུས་ཚོད་རན་པོ་མེད་སྐོར་བརྗོད་ནས་ཚོགས་རྒྱུར་བཀག་འགོག་བྱས་ཡོད་པ་མ་ཟད། དགོན་གྲོང་གཉིས་སུ་གནས་ཚུལ་དེའི་སྐོར་ལ་གླེང་སློང་མི་ཆོག་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། དུས་འཁོར་དབང་ཆེན་དེ་རྨེ་རུ་མ་ཡུལ་ཚོས་ཞུས་ཡོད་སྟབས། ས་གནས་དགོན་གྲོང་གཉིས་ནས་རྒྱ་ནག་གཞུང་ལ་དུས་འཁོར་དབང་ཆེན་སྐུར་ཆོག་པའི་ཡར་ཞུ་རིམ་པར་བྱས་ཏེ། རྒྱ་ནག་གཞུང་ངོས་ནས་དུས་ཚོད་གཏན་འཁེལ་དང་ཆོག་མཆན་སྤྲད་པ་ཞིག་ཆགས་ཡོད་ཀྱང་། ཕྱི་ཟླ་ ༧ ནང་༸གོང་ས་མཆོག་གི་འཁྲུངས་སྐར་བསླེབ་ཀྱི་ཡོད་སྟབས་བཀག་འགོག་བྱས་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་བཞིན་ཕྱི་ཟླ་ ༨ ནང་མུ་མཐུད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་བསླེབ་ཀྱི་ཡོད་སྟབས་ཚོགས་བཅུག་རྒྱུ་མིན་པས། མ་འོངས་པར་ཚོགས་ཐུབ་མིན་སོགས་གསལ་ཁ་མེད་པ་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཨ་ལགས་སྒོ་རུ་ཚང་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་འཇམ་དཔལ་རྒྱ་མཚོ་ལགས་ནི་འདི་ལོ་དགུང་གྲངས་ ༧༩ ཕེབས་པའི་རྔ་བ་ཀིརྟི་དགོན་པའི་བླ་ཆེན་ཞིག་དང་། ཁོང་གིས་ད་བར་ས་གནས་མི་འདྲ་བ་ཁག་ནང་དུས་འཁོར་དབང་ཆེན་ཐེངས་ལྔ་གནང་ཟིན་པ་མ་ཟད། དད་ལྡན་མང་ཚོགས་ཤུགས་ཆེར་འདུ་འཛོམས་བྱེད་བཞིན་ཡོད་པ་དང་། ཡང་འབྲེལ་ཡོད་གཞན་དེས་ཐེངས་འདིར་མི་མང་ཤུགས་ཆེ་འདུ་འཛོམས་ཆེད་སྔོན་ཚུད་ནས་གྲ་སྒྲིག་དང་འགྲོ་སོང་སོགས་འབོར་ཆེན་བཏང་ཡོད་ན་ཡང་། རྒྱ་ནག་གཞུང་གིས་དུས་འཁོར་དབང་ཆེན་དེར་ཆོག་མཆན་སྤྲད་ཡོད་བཞིན་དུ་བཀག་འགོག་བྱས་ཡོད་པ་དེས། དད་ལྡན་མི་མང་བློ་ཕམ་གཞི་ཞིག་ཏུ་གྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྤྱིར་རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར། སྔ་ལོའི་ཕྱི་ཟླ་ ༧ ནང་གུང་ཐང་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གིས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་རྒྱུའི་ཆོག་མཆན་ཐོབ་སྟེ་གྲ་སྒྲིག་དང་དབང་འགོ་ཚུགས་ལ་ཉེ་སྐབས། རྒྱ་ནག་གཞུང་གིས་བཀག་འགོག་ཕྱིར་འགྱངས་བྱས་བཅུག་པ་དང་། དེ་བཞིན་སྔ་ལོའི་ཕྱི་ཟླ་ ༧ ནང་མཚོ་ལྷོ་མང་རྫོང་ངམ་མང་ར་ཡུལ་གྱི་ཨ་ཐིས་དགོན་པའི་དགོན་བདག་ཨ་ཐིས་རིན་པོ་ཆེ་ཡིས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུ་གཏན་འཁེལ་ཟིན་ནས། སྔོན་འགྲོའི་ས་ཆོག་གི་བྱ་བ་རྣམས་ཡོངས་སུ་ཟིན་ཏེ། རྡུལ་མཚོན་གྱི་དཀྱིལ་འཁོར་ཡང་ཡོངས་སུ་བཞེངས་སྒྲུབ་ཟིན་སྐབས་བཀག་འགོག་དང་། རྡུལ་མཚོན་གཏོར་བཤིག་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 
དྲ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org