ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་དམག་སྦྱོང་མུ་མཐུད་གནང་རྒྱུ།
ཨ་རིའི་ཉི་ཧོང་ནང་གི་དམག་དཔོན་མཐོ་ཤོས་ནས་ཨ་རི་དང་ལྷོ་ཀོ་རི་ཡའི་ཡུལ་གཉིས་ཀྱི་དམག་སྤྱོང་དེ་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས།
-
2010-11-29 -
-
-
༄༅༎ཨ་མི་རི་ཀའི་ཉི་ཧོང་ནང་གི་དམག་དཔོན་མཐོ་ཤོས་སྐུ་ཞབས་པེ་ཀྲི་རིཀ་སི་ཀྲེཀ་པོལ་ཡིས་ཨ་རི་དང་ལྷོ་ཀོ་རི་ཡའི་ཡུལ་གཉིས་ཀྱི་ཀོ་རི་ཡའི་ཕྱེད་གླིང་ནང་གི་དམག་སྤྱོང་དེ་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག
དམག་དཔོན་སྐུ་ཞབས་སི་ཀྲེཀ་པོལ་ཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རེས་གཟའ་ཟླ་བ་ཉིན་དམག་སྦྱོང་དེས་ང་ཚོ་དང་ལྷོ་ཀོ་རི་ཡའི་བར་གྱི་དམག་དོན་གྱི་འབྲེལ་ལམ་དེ་དམ་ཟབ་ཡོད་པ་དང་ང་ཚོས་ལྷོ་ཀོ་རི་ཡ་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པ་མིག་སྟོན་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག ཁོང་གིས་ང་ཚོས་དམག་སྦྱོང་འདི་འདྲ་བ་བྱེད་རྒྱུ་དེ་ང་ཚོ་དང་ལྷོ་ཀོ་རི་ཡའི་བར་གྱི་དམག་དོན་གྱི་འབྲེལ་བ་དེ་ཤུགས་ཆེན་པོ་ཡོད་པ་མིག་སྟོན་ཆེད་ཡང་ཡིན་པ་རེད་ཅེས་གསུངས་འདུག
ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་ཟུང་འབྲེལ་ཐོག་གི་ཉིན་བཞིའི་རིང་གནང་རྒྱུའི་དམག་སྦྱོང་དེ་ཉེ་ལམ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་མཚོ་གླིང་ཞིག་ལ་མེ་སྒྱོགས་རྒྱབ་ནས་ཞི་བ་དང་དྲག་པོའི་མི་གྲངས་༤ཡི་ཚེ་སྲོག་ལེན་པའི་རྗེས་བྱུང་བ་ཞིག་ཡིན་པ་རེད་ བདུན་སྔོན་མའི་རེས་གཟའ་འཕུར་བུ་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་གཞུང་ཕྱོགས་ནས་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་སྦྱོང་དེར་བློ་འཚབ་ཡོད་སྐོར་དང་ཀོ་རི་ཡའི་ཕྱེད་གླིང་ནང་གི་ཞི་བདེ་དང་བརྟན་ལྷིང་ལ་གནོད་པའི་བྱ་བར་ངོ་རྒོལ་ཡོད་སྐོར་གཏམ་བཤད་བྱས་ཡོད་པ་རེད་ ཨ་མི་རི་ཀའི་ཉི་ཧོང་ཡུལ་ནང་གི་དམག་དཔོན་སྐུ་ཞབས་སི་ཀྲེཀ་པོལ་ཡིས་གོང་ཞུས་རྒྱ་གཞུང་གི་ངོ་རྒོལ་དེར་གསན་འཇོག་མ་གནང་བའི་ཐོག་ཨ་མི་རི་ཀའི་ངོས་ནས་དམག་སྦྱོང་དེ་མ་གནང་གོང་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་ལན་གསལ་སྔོན་ཚུད་ནས་གནང་ཟིན་སྐོར་གསུངས་འདུག ཁོང་གིས་ང་ཚོས་ལྷོ་ཀོ་རི་ཡའི་ནང་གི་དམག་སྦྱོང་དེ་ཕྱི་གསལ་ནང་གསལ་བྱེད་པ་བཞིན་མ་འོངས་པར་ཡང་དེ་ལྟར་གནང་རྩིས་ཡོད་སྐོར་གསུངས་འདུག