ཨ་རིས་གདོད་མའི་མི་རིགས་ལ་དགོངས་སེལ་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ངོ་ཚ་དགོས་པ་ཞིག་ཡིན་ཞེས། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

ཨ་རིས་གདོད་མའི་མི་རིགས་ལ་དགོངས་སེལ་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཡོད་ཚད་བེད་སྤྱོད་ཀྱིས་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ངོ་ཚ་དགོས་པ་ཞིག་ཡིན་པ།

ཨ་རིའི་སྲིད་འཛིན་འཇོ་སྦཡེཌན་མཆོག ཟླ་ཚེས་མི་གསལ། RFA

ཟླ་ ༡༠ ཚེས་ ༢༥ ཉིན། ཨ་རིའི་སྲིད་འཛིན་འཇོ་སྦཡེཌན་ (Joe Biden) མཆོག་ནས། ཨ་རིའི་ཨེ་རི་ཛོ་ན་མངའ་སྡེའི་ནང་འཚོག་བཞིན་པའི་ཨ་རིའི་གདོད་མའི་མི་རིགས་ཀྱི་ཚོགས་འདུ་ཞིག་ཏུ་ཆེད་ཕེབས་ཀྱིས། དེ་སྔ་དུས་རབས་༡༩ འགོ་སྟོད་དུ་ཨ་རིའི་ནང་གདོད་མའི་མི་རིགས་ཀྱི་བུ་ཕྲུག་རྣམས་གཏན་སྡོད་སློབ་གྲྭར་བཙན་བཅུག་གིས་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་པར། ཨ་རིའི་གདོད་མིའི་མི་རིགས་རྣམས་ལ་གཟོད་གསོལ་ཞུས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ཨ་རི་གཙོས་མང་གཙོའི་རྒྱལ་ཁབ་ཚོས་དེ་སྔ་གདོད་མའི་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ཐད་དགོངས་སེལ་ཞུ་བཞིན་པའི་སྐབས་སུ། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཡོད་ཚད་བེད་སྤྱད་དེ་བོད་མི་རིགས་ལ་བཙན་གནོན་དང་། མི་སེར་སྤེལ་ཡུལ་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་སྔར་ལྷག་ལག་བསྟར་བྱེད་བཞིན་པ་དེ། ལས་ཀ་ཉེན་ཁ་ཅན་ཞིག་ཡིན་པ་ངོ་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག

ཨ་རིའི་སྲིད་འཛིན་མཆོག་ནས་ཚོགས་འདུའི་སྟེང་། ངོས་རང་ཨ་རིའི་སྲིད་འཛིན་ཞིག་ཡིན་པའི་ཆ་ནས་དེ་སྔ་ཨ་རིའི་སྲིད་གཞུང་ངོས་ནས་ས་གནས་ཀྱི་གདོད་མའི་མི་རིགས་དང་པོའི་སློབ་མ་རྣམས་བཙན་ཁྲིད་དང་། རིགས་མི་གཅིག་པའི་མི་རིགས་དང་མཉམ་བསྲེས་དང་བཙན་འདྲེས་བྱེད་བཅུག་པ། སློབ་གྲྭའི་ནང་བརྙས་བཅོས་ཚད་མེད་བཏང་བ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་དེས་གདོད་མའི་མི་རིགས་རྣམས་ཀྱི་སེམས་སུ་མི་རབས་ནས་མི་རབས་བར་བརྗེད་ཐབས་མེད་པའི་རྨ་ཁ་ཞིག་བཟོས་ཡོད་པས། ལོ་བརྒྱ་དང་ལྔ་བཅུའི་རྗེས་ཨ་རི་རྒྱལ་ཁབ་ངོས་ནས་ཨ་རིའི་གདོད་མའི་ས་གནས་མི་རིགས་ཀྱི་སློབ་མ་རྣམས་བཙན་དབང་འོག་གཏན་སྡོད་སློབ་གྲྭའི་ནང་བཅུག་པ་སོགས་ཀྱི་ལས་རིགས་མཚམས་འཇོག་བྱས་ཡོད་ཀྱང་། ཨ་རིའི་གཞུང་ངོས་ནས་ད་བར་གནད་དོན་དེའི་ཐད་གཞུང་འབྲེལ་གྱི་དགོངས་སེལ་ཞུས་མེད་སྟབས། ཐེངས་འདིར་ངོས་ཀྱིས་ཨ་རིའི་གཞུང་གི་ཚབ་ཞུས་ཏེ་དགོངས་སེལ་ཞུ་རྒྱུ་མ་ཟད། དེ་སྔ་ཨ་རིའི་གཞུང་གི་གདོད་མའི་མི་རིགས་ལ་དམིགས་པའི་གཏན་སྡོད་སློབ་གྲྭའི་སྲིད་བྱུས་དེས་མི་སྟོང་ཕྲག་མང་པོར་དཀའ་སྡུག་སྤྲད་ཡོད་པ་ནི། ཨ་རིའི་ལོ་རྒྱུས་ཐོག་ངོ་ཚ་དགོས་པའི་གནས་ཤིག་ཏུ་གྱུར་ཡོད་ཅེས་གསུངས་འདུག

ནུབ་ཕྱོགས་རང་དབང་མང་གཙོའི་རྒྱལ་ཁབ་ཁག་ཏུ་གདོད་མའི་མི་རིགས་རྣམས་ལ་བཙན་ཐབས་ཀྱིས་ངོ་བོ་སྒྱུར་ཐབས་དང་། ཐ་ན་དྲག་གནོན་སོགས་ཀྱི་སྲིད་བྱུས་ལག་བསྟར་ཐད་དུས་ཡུན་རིང་པོ་ནས་ནོར་འཁྲུལ་ཡིན་པའི་དགོངས་སེལ་ཞུས་ཡོད་ན་ཡང་། དུས་རབས་ཉེར་གཅིག་པའི་ནང་རྒྱ་ནག་གཞུང་གིས་བོད་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོག་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་དང་། བུ་ཕྲུག་རྣམས་བཙན་གྱིས་ངོ་བོ་སྒྱུར་ཐབས་ཀྱི་ཤེས་ཡོན་སློབ་གསོ་སྤེལ་བཞིན་པ་མ་ཟད། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་བོད་ཕྲུག་ས་ཡ་གཅིག་ལྷག་གཏན་འཇགས་སློབ་གྲྭར་བཙན་བཅུག་དང་། བོད་ཀྱི་སྒེར་གཉེར་སློབ་གྲྭ་ཁག་བཙན་ཐབས་ཀྱིས་སྒོ་བརྒྱབ་སྟེ་བོད་ཀྱི་སྐད་ཡིག་སོགས་མེད་པའི་གཞུང་གཉེར་ཤེས་ཡོན་སྤྲོད་བཞིན་པ། བོད་མིའི་ཁྲོད་ཀྱི་ཤེས་ཡོན་ཅན་རྣམས་བཙན་ཁྲིད་དང་བཙོན་འཇུག་བྱེད་བཞིན་པ་སོགས་ཀྱི་གནས་སུ་ལྷུང་ཡོད་པ་བཞིན། ཡང་ཟླ་བ་ཚེ་རིང་ལགས་ནས་མུ་མཐུད། རྒྱ་ནག་གཞུང་གིས་ཨ་རིའི་ནང་ལོ་ངོ་བརྒྱ་ཕྲག་གོང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་རིགས་ཀྱི་གནས་སྟངས་སྐོར་གསལ་བོར་ཤེས་བཞིན་དུ་མུ་མཐུད་བོད་ནང་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ངོ་ཚ་དགོས་པ་ཞིག་ཡིན་སྐོར་འདི་ག་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

སྤྱིར་འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་གི་ནང་གདོད་མའི་མི་རིགས་རྣམས་བཙན་སྒྱུར་དང་། མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ལག་བསྟར་བྱས་པའི་ལོ་རྒྱུས་མང་དག་ཅིག་ཡོད་པ་བཞིན། དེ་སྔ་ ༢༠༠༨ ལོར་ཨའོསི་ཊརེ་ལི་ཡ་དང་ཁེ་ནཱ་ཌ་གཞུང་ངོས་ནས། ཡུལ་དེ་དག་གི་གདོད་མའི་མི་རིགས་རྣམས་བཙན་ཐབས་ཀྱིས་མི་སེར་སྤེལ་ཡུལ་བྱས་པ་དང་། གདོད་མིའི་མི་རིགས་ཀྱི་བུ་ཕྲུག་ཁྲི་ཕྲག་མང་པོར་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ་མི་རིགས་ཀྱི་ངོ་བོ་བཙན་སྒྱུར་བྱས་པ་སོགས་ལ་དགོངས་སེལ་ཞུས་ཡོད་པ་རེད་ལ། ཕྱི་ལོ་ ༢༠༡༦ ནང་ཐེ་ཝན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྕམ་ཚའེ་ཨིང་ལྦེན་ལགས་ནས། དེ་སྔ་ཐེ་ཝན་གླིང་ཕྲན་ནང་གདོད་མའི་མི་རིགས་ཚོར་དྲག་གནོན་དང་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་ལ་དགོངས་སེལ་ཞུས་ཡོད་པ་རེད་ལ། ལོ་དེར་ཐེ་ཝན་རྩ་ཁྲིམས་ནང་དུ་གདོད་མིའི་མི་རིགས་ཚོར་རི་མགོའི་མི་ཞེས་པའི་ཁྱད་གསོད་ཀྱི་མིང་ཚིག་མེད་པ་བཟོས་ཏེ། གདོད་མའི་མི་རིགས་དང་ཐེ་ཝན་གླིང་ཕྲན་གྱི་ཐོག་མའི་གཞི་འཛིན་མི་རིགས་ཡིན་པ་སོགས་གཏན་འབེབས་བྱས་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། ཡེ་ཤེས་རྡོ་རྗེ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན།་བདེ་སྐྱིད་ཀུན་སྒྲོལ།




 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org