ལྡི་ལིར་ཡོད་པའི་(JNU)་གཙུག་ལག་སློབ་ཆེན་གྱིས་བོད་ཕྲུག་སློབ་ཕྲུག་ཚོར་སློབ་ཡོན་འཕར་མ་སྤྲོད་མི་དགོས་བ་བཟོས་འདུག

ལྡི་ལིར་ཡོད་པའི་(JNU)་འཇོ་ཝར་ལ་ནེ་ཧ་རུ་གཙུག་ལག་སློབ་ཆེན་འཛུལ་བཞུགས་བྱེད་མཁན་བོད་ཕྲུག་སློབ་མ་རྣམས་ལ་རྒྱ་གར་སློབ་མ་དང་གཅིག་མཚུངས་སློབ་ཡོན་སྤྲོད་དགོས་བ་ལས་སློབ་ཡོན་འཕར་མ་སྤྲོད་མི་དགོས་པའི་ཐག་གཅོད་བྱས་འདུག

ཤེས་རིག་བཀའ་བློན་ཅང་ར་ཐར་ལམ་སྒྲོལ་མ་ལགས་(JNU)་གཙུག་ལག་སློབ་ཆེན་གྱི་འབྲེལ་ཡོད་རྣམ་པར་མཇལ་འཕྲད་སྐབས། ༠༤།༢༨།༢༠༢༢ CTA

ཉེ་ལམ་ཕྱི་ཟླ་༧ཚེས་༡ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཇོ་ཝར་ལ་ནེ་ཧ་རུ་འམ་(JNU)་གཙུག་ལག་སློབ་ཆེན་གྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། སློབ་ཆེན་དེའི་ནང་ཕྱི་ལོ་༢༠༢༢ནས་༢༣བར་གྱི་སློབ་དུས་ནང་འཛུལ་ཞུགས་བྱེད་མཁན་བཙན་བྱོལ་བོད་ཀྱི་སློབ་མ་རྣམས་ཀྱིས་རྒྱ་གར་གྱི་སློབ་མ་དང་གཅིག་མཚུངས་ཀྱི་སློབ་ཡོན་ཕུལ་ན་འཐུས་བ་ལས་སློབ་ཡོན་འཕར་མ་སྤྲོད་མི་དགོས་པའི་གསལ་བསྒྲགས་གནང་འདུག


དེའི་ཐད་ཤེས་རིག་བཀའ་བློན་ཅང་ར་ཐར་ལམ་སྒྲོལ་མ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུ་སྐབས། བཀའ་བློན་མཆོག་གིས། འདི་ལོ་ཕྱི་ཟླ་༤ཚེས་༢༨ཉིན་རྒྱལ་ས་ལྡི་ལིར་(JNU)་གཙུག་ལག་སློབ་ཆེན་གྱི་ཉེ་བའི་རིག་བདག་དང་རིག་དྲུང་གི་མཚོན་པས་འབྲེལ་ཡོད་རྣམ་པར་མཇལ་འཕྲད་དང་མཉམ། བོད་ཕྲུག་སློབ་མ་ཚོའི་དཀའ་ངལ་གནས་སྟངས་རྣམས་ཞིབ་ཕྲ་ཞུས་པ་གཞིར་བཟུང་དཀའ་ངལ་སེམ་ཐབས་སུ་ཁོང་རྣམ་པས་དགོངས་བཞེས་གནང་ནས་སློབ་ཆེན་དེའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་ཐག་གཅོད་དེ་གནང་བ་ཡིན་པ་དང་། དགོགས་བཞེས་ཐག་གཅོད་དེར་ཡིད་རང་བསྔགས་བརྗོད་དང་མ་འོངས་པ་མུ་མཐུད་དུ་དེ་ལྟར་ཡོང་བའི་རེ་འདུན་ཞུས་ཡོད་པ་གསུངས་བྱུང་།
༢༠༡༩ལོའི་ལོ་མཇུག་ཏུ་ལྡི་ལིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ངོས་ནས། ལྡི་ལིའི་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོས་བོད་པའི་སློབ་མ་ཚོར་ཕྱི་རྒྱལ་གྱི་སློབ་མ་ནང་བཞིན་སློབ་ཡོན་འཕར་མ་སྤྲད་དགོས་པའི་དཀའ་ངལ་འཕྲད་བཞིན་པའི་གནད་དོན་དེ་དག་རྒྱ་གར་དབུས་གཞུང་ལ་ཞུ་གཏུག་གནང་ཡོད། དེའི་སྐབས་སློབ་ཡོན་འཕར་བའི་རྐྱེན་གྱིས་ལོ་རེར་བོད་རིགས་སློབ་མ་ཚོ་སྤྱི་ཚོགས་ཚན་རིག་གི་ཁུངས་སུ་སློབ་ཞུགས་ཚེ་སློབ་ཡོན་གྱི་རིན་གོང་ཧིན་སྒོར་༡༨༢༤༠༠སྤྲོད་དགོས་པ་དང་། ཚན་རིག་སློབ་ཚན་ལེན་མཁན་ཚོས་ཧིན་སྒོར་༢༥༨༤༠༠ སྤྲོད་དགོས་པ་བྱུང་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org