༧སྐུའི་གསུང་བསྒྱུར་བ་ཐོག་མའི་གྲས་དང་ཨ་རིའི་བོད་རིག་པ་བ་ཇའེ་ཧྥིར་རེ་ཧོབ་ཁེན་སི་ལགས་འདས་གྲོངས་སུ་ཕྱིན་འདུག

སྤྱི་ནོར་༧གོང་ས་མཆོག་གི་༧སྐུའི་གསུང་བསྒྱུར་བ་ཐོག་མའི་གྲས་དང་ཨ་རིའི་བོད་རིག་པའི་མཁས་དབང་སྐུ་ཞབས་ཇའེ་ཧྥིར་རེ་ཧོབ་ཁེན་སི་ལགས་དགུང་ལོ་༨༣སྟེང་འདས་གྲོངས་སུ་ཕྱིན་འདུག

སྤྱི་ནོར་༧གོང་ས་མཆོག་གི་༧སྐུའི་གསུང་བསྒྱུར་བ་ཐོག་མའི་གྲས་དང་ཨ་རིའི་བོད་རིག་པའི་མཁས་དབང་སྐུ་ཞབས་ཇའེ་ཧྥིར་རེ་ཧོབ་ཁེན་སི་(Jeffrey Hopkins)་ལགས། ༠༣།༢༠༢༢ RFA

སྤྱི་ནོར་༧གོང་ས་མཆོག་གི་༧སྐུའི་གསུང་སྒྱུར་བ་ཐོག་མའི་གྲས་དང་བོད་རིག་པ་བ། ལོ་ངོ་༣༠ ལྷག་གི་རིང་ཨ་རིའི་ཝར་ཇི་ནི་ཡ་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་ཆོས་སོགས་སློབ་ཁྲིད་གནང་མཁན། ལྷག་པར་དུ་ནུབ་ཕྱོགས་ཡུལ་གྲུའི་ཤེས་ཡོན་སློབ་གསོའི་ཁྲོད་བོད་ཀྱི་ནང་ཆོས་ཀྱི་སློབ་གཉེར་འགོ་འཛུགས་གནང་མཁན་གྲས་དང་ནུབ་ཕྱོགས་སུ་ནང་ཆོས་ཐད་ལྟ་ཕྱོགས་ལ་འགྱུར་བ་གཏོང་པར་ཤུགས་རྐྱེན་བཟོ་མཁན་གྲས་ནས་ཝར་ཇི་ནི་ཡ་གཙུག་ལག་སློན་ཆེན་གྱི་དགེ་རྒན་ཆེན་མོ་(Jeffrey Hopkins)་ལགས་༢༠༤་ལོའི་ཕྱི་ཟླ་༧པའི་ཚེས་༡ཉིན་ཁེ་ཎ་ཌའི་ཝེན་ཁུ་ཝར་དུ་དགུང་ལོ་༨༣ཐོག་དགོངས་པ་རྫོགས་འདུག
ཁོང་གིས་ཕྱི་ལོ་༡༩༧༩ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཐེངས་དང་པོར་ཆིབས་བསྒྱུར་གནང་སྐབས་སྐུའི་གསུང་བསྒྱུར་གྱི་ཞབས་ཞུ་ཞུས་མྱོང་ཡོད་པ་དང་། ༡༩༧༣ལོ་ནས་བཟུང་ལོ་ངོ་བཅུ་ཕྲག་གསུམ་ལྷག་གི་རིང་། ཝར་ཇིན་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ནང་ཆོས་ཐོག་ལ་ལས་རིམ་འགོ་འཛུགས་གནང་བ་དང་། ལོ་ངོ་བཅུ་གཉིས་ཀྱི་རིང་ལ་ལྷོ་ཨེ་ཤེ་ཡའི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཁུར་ཐོག་ལོ་ངོ་སུམ་ཅུ་སོ་གཉིས་ཀྱི་རིང་ལ་བོད་བརྒྱུད་ནང་བསྟན་དང་བོད་ཡིག་གི་སློབ་ཁྲིད་གནང་ཡོད་ཀྱང་། ཁོང་གི་མཛད་རྗེས་ཆེ་ཤོས་ཤིག་ནི། ཁོང་གིས་ཕྱི་ལོ་༡༩༧༥ལོར་གསར་འཛུགས་གནང་བའི་བོད་བརྒྱུད་ནང་བསྟན་སློབ་གཉེར་གྱི་འབུམ་རམས་པའི་ལས་རིམ་དེ་ཡིན་ཞིང་། ལས་རིམ་དེ་ནི་བྱང་ཨ་མི་རི་ཀའི་ནང་དུ་ནང་ཆོས་དང་འབྲེལ་བའི་ལས་རིམ་ཆེ་ཤོས་སུ་གྱུར་ཡོད་ལ། ལས་རིམ་འདི་བརྒྱུད་ནས་ནུབ་ཕྱོགས་པའི་མི་རིགས་ཁྲོད་ནང་ཆོས་ལ་སློབ་གཉེར་གྱིས་གྲགས་ཆེར་གྱུར་བའི་མི་སྣ་མང་པོ་ཐོན་ཡོད་པ་རེད་ལ། དེའི་ཁོངས་ནས་ཐོན་པའི་ནང་ཆོས་མཁས་པ་(Donald Lopez)་ལགས་ཀྱིས་ཨ་རིའི་སློབ་གཉེར་ཁང་དུ་བོད་བརྒྱུད་ནང་བསྟན་སློབ་ཁྲིད་བྱེད་ཚུལ་ལ་འགྱུར་བ་བྱུང་བ་དེ་ནི་(Jeffrey Hopkins)་ལགས་གྱིས་རྒྱ་གར་ནས་སློབ་ཆེན་འདིར་ནང་པའི་མཁས་དབང་མང་པོ་གདན་ཞུ་གནང་པར་བརྟེན་ནས་བྱུང་པར་ངོས་འཛིན་གནང་གི་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་༢༠༢༢་ལོར་ཁོང་ལ་བཅར་འདྲི་ཞུས་པ།

ཁོང་གི་སྐོར་ལ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ངོ་དེབ་ཐོག སྐུ་ཞབས་(Jeffery Hopkins)་ལགས་དགོངས་པ་རྫོགས་པར། འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་ཁོང་གི་ནང་མི་དང་ངོ་ཤེས་དགའ་ཉེ། ལས་རོགས། དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་ཁོང་གི་སློབ་མ་བཅས་ལ་སེམས་གསོ་ཞུ་རྒྱུ་དང་། ཁོང་གི་ཆེད་དུ་སྒོ་མང་གྲྭ་ཚང་གི་དགེ་འདུན་འདུས་མང་ནས་སྨོན་ལམ་ཚོགས་རྒྱུ་ཡིན་པ་བྲིས་འདུག
དམ་པ་ཁོང་དང་ཝར་ཇིན་ནི་ཡ་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་ཕྱག་རོགས་ཚོས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཕྱག་དཔེ་དང་། དེ་བཞིན་ནང་པའི་མཁས་པ་གྲགས་ཅན་མང་པོའི་གསུང་རྩོམ་རྣམས་རྒྱ་ཡིག་དང་དབྱིན་ཡིག་ཐོག་བསྒྱུར་ཡོད་པ་དྲྭ་རྒྱའི་ཐོག་རིན་མེད་བལྟ་ཀློག་ཐུབ་ཀྱི་ཡོད་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org