རྒྱ་ནག་ཐོག་ནས་བདེ་འཇགས་ཀྱི་ཉེན་ཚབས་ཆེ་ཤོས་ཡོད་པ་ཉི་ཧོང་གི་ཡིག་ཆ་དཀར་པོ་བཏོན་པའི་ནང་བཀོད་འདུག
ཉི་ཧོང་རང་ངོས་ནས་དྲག་པོའི་ནུས་སྟོབས་དེ་རྒྱ་སྐྱེད་གཏོང་བའི་དུས་ལ་བབས་ཡོད་པ་རེས་གཟའ་པ་སངས་ཉིན་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དེའི་ནང་བཀོད་ཡོད་འདུག
- 2023-07-29
-
-
-
རྒྱ་ནག་ཐོག་ནས་བདེ་འཇགས་ཀྱི་ཉེན་ཚབས་ཆེ་ཤོས་ཡོད་པ་དང་། ཉི་ཧོང་རྒྱལ་ཁབ་རང་ངོས་ནས་དྲག་པོའི་ནུས་སྟོབས་རྒྱ་སྐྱེད་ཆེ་རུ་གཏོང་བའི་དུས་ལ་བབས་ཡོད་པའི་སྐོར་རེས་གཟའ་པ་སངས་ཉིན་ཉི་ཧོང་གི་སྲིད་བྱུས་ཡིག་ཆ་བཏོན་པ་དེའི་ནང་བཀོད་ཡོད་འདུག
དེ་ཡང་ཉི་ཧོང་གཞུང་གིས་ཕྱི་ལོ་ ༢༠༢༣ ལོའི་སྲུང་སྐྱོབ་དང་འབྲེལ་བའི་ཡིག་ཆ་དཀར་པོ་དེ་བཞིན་ཉི་ཧོང་གི་སྲིད་བློན་ Fumio Kishida མཆོག་གི་བློན་ཆེན་ལྷན་ཚོགས་ཀྱིས་བཀའ་འཁྲོལ་ཆོག་མཆན་ཐོབ་པའི་འོག་སྤེལ་པ་ཞིག་དང་། འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནང་ཉི་ཧོང་གཞུང་གིས་རྩོད་གཞི་ཅན་གྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ཐབས་བྱུས་ཀྱི་སྲིད་བྱུས་གསར་པ་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་པའི་རྗེས་རྒྱབ་ཤ་དཀར་པོའི་ཡིག་ཆ་འདི་སྤེལ་བ་ཐོག་མར་ཆགས་ཡོད་པ་རེད།
ཤོག་གྲངས་ ༥༡༠ ཅན་གྱི་ཐབས་བྱུས་དང་འབྲེལ་བའི་ཡིག་ཆ་དཀར་པོ་དེའི་ནང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རྒྱ་ནག་དང་ར་ཤི་ཡ། བྱང་ཀོ་རི་ཡ་བཅས་ཀྱིས་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ཐོག་རྙོག་རྫིང་ཆེ་ཤོས་བཟོས་ཡོད་པ་བཀོད་པ་དང་། རྒྱ་ནག་གིས་ཕྱི་ཕྱོགས་ལ་འཛིན་པའི་སྲིད་བྱུས་དང་དམག་གི་ལས་དོན་བཅས་པར་ཉི་ཧོང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བློ་འཚབ་དང་སྲུང་སྐྱོབ་ཀྱི་ཐབས་བྱུས་ཐོག་དེ་སྔ་བྱུང་མི་མྱོང་བའི་གདོང་ལེན་ཆེ་ཤོས་བྱེད་དགོས་པའི་གནད་དོན་ཞིག་བཟོས་ཡོད་པ་བཀོད་ཡོད་འདུག
རེས་གཟའ་ཕུར་བུ་ཉིན་བྱང་ཀོ་རི་ཡའི་གཙོ་འཛིན་འགོ་འཁྲིད་ཀིམ་ཇོང་ཨུན་གྱིས་རྒྱ་ནག་དང་ར་ཤི་ཡའི་གཞུང་གི་སྐུ་ཚབ་འཐུས་མིའི་མཉམ་བྱང་ཀོ་རི་ཡའི་རྒྱལ་ས་ (པིཡོང་ཡང་) ནང་རྒྱལ་ཁབ་དེའི་མི་མེད་གནམ་གྲུ་དང་རྒྱང་ཐག་རིང་པོར་སྙོབས་པའི་མེ་ཤུགས་འཕུར་མདེལ་གསར་ཤོས་ཁག་ངོམ་བཏོན་བྱས་ཡོད་པ་རེད།
དེ་བཞིན་ཉི་ཧོང་གཞུང་གི་སྲུང་སྐྱོབ་དང་འབྲེལ་བའི་ཡིག་ཆ་དཀར་པོ་དེའི་ནང་རྒྱ་ནག་དང་ར་ཤི་ཡས་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་གནམ་ཐོག་ནས་འབར་འགས་འཕེན་པའི་མཁའ་དམག་གི་ཟུང་འབྲེལ་སྦྱོང་བརྡར་ཐེངས་ལྔ་བྱས་ཡོད་པ་མ་ཟད་རྒྱལ་ཁབ་དེ་གཉིས་ཀྱིས་མཚོ་དམག་སྦྱོང་བརྡར་བྱེད་བབས་དེ་ནི་ཉི་ཧོང་དང་དེའི་མངའ་ཁུལ་ལ་དམིགས་པ་མངོན་གསལ་དོད་པོ་ཡིན་པར་ངོས་འཛིན་བྱེད་པ་དང་། འདི་ནི་རྒྱལ་སྲུང་ཐད་བློ་འཚབ་ཤུགས་ཆེ་བྱེད་དགོས་པ་ཞིག་ཡིན་པ་བཀོད་བཀོད་ཡོད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།