རྒྱ་ནག་གིས་ཧོང་ཀོང་དང་ཡུ་གུར་བའི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་ཉི་ཧོང་གིས་འབོད་སྐུལ་བྱས་འདུག

རྒྱ་ནག་གཞུང་གིས་མཚོ་རྒྱུད་ཁུལ་དུ་བཙན་འཛུལ་དང་ཧོང་ཀོང་དང་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ཉི་ཧོང་གིས་དོ་སྣང་དང་སེམས་འཚབ་བྱེད་བཞིན་པ་གསལ་སྟོན་བྱས་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)དང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་(Toshimitsu Motegi)གཉིས། ༡༡།༢༠ AFP

རྒྱ་ནག་གཞུང་གིས་མཚོ་རྒྱུད་ཁུལ་དུ་བཙན་འཛུལ་དང་ཧོང་ཀོང་དང་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ཉི་ཧོང་གིས་དོ་སྣང་དང་སེམས་འཚབ་བྱེད་བཞིན་པ་གསལ་སྟོན་བྱས་འདུག
དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༥རེས་གཟའ་ཟླ་བའི་ཉིན། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་(Toshimitsu Motegi)ལགས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)དང་ལྷན་དུ་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ཁ་པར་བརྒྱུད་བཀའ་མོལ་གནང་བའི་སྐབས་སུ། རྒྱ་ནག་གཞུང་གིས་མཚོ་རྒྱུད་ས་ཁུལ་ཀྱི་ཆུའི་ཐོག་བདག་དབང་བཙན་འཛུལ་བྱེད་བཞིན་པ་དང་། དེ་བཞིན་ཧོང་ཀོང་གི་གནས་སྟངས་དང་། ཡུ་གུར་བ་གཙོས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་བཅས་ཀྱི་ཐོག་ལ་ཉི་ཧོང་གིས་དོ་སྣང་དང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་བཀའ་མོལ་སྐབས་གསལ་སྟོན་བྱས་ནས། རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཡུ་གུར་བའི་གནས་སྟངས་གུ་ཡངས་དང་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ། ཉི་ཧོང་གི་ཕྱི་འབྲེལ་ལས་ཁུངས་ཀྱིས་སྤྱི་བསྒྲགས་སྤེལ་འདུག
ཉི་ཧོང་ཕྱོགས་ཀྱི་རྣམ་འགྱུར་དེ་མི་རིང་བའི་ ཕྱི་ཟླ་༤པའི་ཚེས་༡༦ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། ཉི་ཧོང་གི་སྲིད་བློན་ཡོ་ཤེ་ཧི་དྷེ་སུ་གྷ་དང་(Yoshihide Suga)དང་། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)རྣམ་གཉིས་མཇལ་འཕྲད་གནང་ཡིན་པའི་སྔོན་རང་ལ་བྱུང་བ་དང་། དེ་ནི་ཨ་རིའི་སྲིད་འཛིན་སྦཡེ་ཌེན་ལགས་ཀྱིས་སྲིད་འཛིན་གྱི་འགན་བཞེས་བ་ནས་ཕྱི་འབྲེལ་དཔོན་རིགས་དང་དངོས་སུ་མཇལ་བ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།
རྒྱ་ནག་གིས་ཉི་ཧོང་གིས་བདག་དབང་འོག་ཡོད་པའི་མཚོ་གླིང་(Senkaku)རྒྱུད་དུ་ཡོད་པའི་མཚོ་གླིང་ཆུང་ངུ་ཁག་ཅིག་ཡོད་པ་དེ་རྣམས་ལ་(Diaoyu)ཟེར་ནས་མིང་བཏགས་པ་དང་། བདག་དབང་རྩོད་ལེན་བྱེད་བཞིན་པ་བཅས་ལ་བརྟེན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་དུ་སོང་ཡོད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org