མདོ་ཁམས་འཇང་དགུན་ཆོས་ཆེན་མོར་དམ་དྲག་དང་དམག་མིའི་སོ་སྲུང་འོག་འཚོགས་དགོས་བྱུང་འདུག

འཇང་དགུན་ཆོས་ཀྱི་དུས་ཡུན་ཇེ་ཉུང་དུ་བཏང་བ་དང་། ས་གནས་གཞན་ནས་ཡོང་བའི་དགོན་པ་ཁག་གི་གྲྭ་བའི་གྲངས་འབོར་ཇེ་ཉུང་དུ་བཏང་དགོས་བྱུང་འདུག

རྫ་འབུམ་རྙིང་དགོན་པའི་པར་རིས། ཟླ་ཚེས་མི་གསལ། མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༩ ནས་བཟུང་བདུན་ཕྲག་གཅིག་རིང་། མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དེ་སེར་ཤུལ་རྫོང་རྫ་འབུམ་རྙིང་དགོན་དགེ་ལྡན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་གླིང་དུ་ཚོགས་ཡོད་པ་དང་། འདི་ལོ་རྒྱ་ནག་གཞུང་གིས་འཇང་དགུན་ཆོས་ཆེན་མོ་འཚོགས་བཅུག་སོང་ན་ཡང་། འཇང་དགུན་ཆོས་ཀྱི་དུས་ཡུན་ཇེ་ཉུང་དུ་བཏང་བ་དང་། ས་གནས་གཞན་ནས་ཡོང་བའི་དགོན་པ་ཁག་གི་གྲྭ་བའི་གྲངས་འབོར་ཇེ་ཉུང་དུ་བཏང་དགོས་བྱུང་བ། འཇང་དགུན་ཆོས་ཚོགས་རིང་རྫ་འབུམ་རྙིང་དགོན་དང་དགོན་པའི་རྒྱབ་རིའི་ངོས་སོགས་སུ་དྲག་ཆས་དམག་གིས་སྐོར་སྲུང་དང་། མི་མང་ཆོས་ཞུ་བ་ཚོར་བཀག་འགོག་ཞིབ་བཤེར་དང་ཚོད་འཛིན་སོགས་ཀྱི་འོག་ནས་ཚོགས་དགོས་བྱུང་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྫ་འབུམ་རྙིང་དགོན་པའི་པར་རིས། ཟླ་ཚེས་མི་གསལ། པར་དབང་། མི་སེར་གྱི་འདྲ་པར།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ཕྱི་ལོ་ ༢༠༢༣ ལོ་འཇང་དགུན་ཆོས་འབུམ་རྙིང་དགོན་ཏུ་གྲ་སྒྲིག་ཚར་ནས་སང་ཉིན་ཚོགས་རྒྱུའི་དུས་སྐབས་དེར། རྒྱ་ནག་གཞུང་གིས་ཚོགས་མི་ཆོག་པའི་བཀག་འགོག་བྱས་ཡོད་པ་རེད་ལ། འདི་ལོ་བསྐྱར་དུ་ཚོགས་བཅུག་རྒྱུར་དགོན་པ་དང་མི་མང་ངོས་ནས་གོང་རིམ་ལ་རེ་ཞུ་ཐེངས་མང་ཞུས་པ་དང་། མཐར་ཞིང་ཆེན་རིམ་པར་ཞུ་གཏུག་གིས་ཚོགས་བཅུག་སོང་ན་ཡང་། དེ་སྔ་བཞིན་དུས་ཡུན་རིང་པོར་ཚོགས་མ་བཅུག་པ་མ་ཟད། འཇང་དགུན་ཆོས་ཚོགས་རིང་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས་དྲག་ཆས་དམག་མི་དང་ཉེན་རྟོག་པས་དགོན་པ་ཡོངས་སུ་སོ་སྲུང་བྱས་པ་དང་། ས་ཁུལ་གཞན་ནས་ཡོང་བའི་དགོན་པ་ཁག་གི་གྲྭ་བཙུན་ཚོ་ཆབ་སྲིད་ཐད་གཙང་མ་ཡིན་དགོས་པ་སོགས་བརྗོད་ནས་གང་བྱུང་ཞིབ་བཤེར་བྱས་ཡོད་པ་དང་། ནམ་རྒྱུན་འཇང་དགུན་ཆོས་ལ་དགོན་པའི་ངོས་ནས་གྲ་སྒྲིག་དང་འགན་ལེན་བྱེད་བཞིན་ཡོད་ན་ཡང་། འདི་ལོ་རྒྱ་ནག་གཞུང་གིས་ཁོ་ཚོས་འགན་ལེན་དགོས་སྐོར་བརྗོད་ནས་དགོན་པའི་ལས་རིམ་སོགས་ལ་ལག་པ་འཆང་ཐབས་སྣ་ཚོགས་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྤྱིར་འཇང་དགུན་ཆོས་ཞེས་པ་དེ་ནི་བོད་ཀྱི་རྒྱལ་ས་ལྷ་སར་གདན་ས་གསུམ་གྱི་སྣེ་ཁྲིད་འོག་ལྷ་སའི་ནུབ་ཕྱོགས་ཆུ་ཤུར་རྫོང་ཁོངས་འཇང་གྲོང་ཚོའི་ཕུར་འཇང་དགོན་པར་ལོ་ལྟར་ཚོགས་སྲོལ་ཡོད་པའི་གཞུང་ཆེན་བགྲོ་གླེང་འདུ་ཚོགས་ཤིག་ཡིན་པ་དང་། སྐབས་དེར་ལྷ་སའི་ཉེ་འཁོར་གྱི་དགོན་པ་གྲྭ་ཚང་ཁག་གི་དགེ་འདུན་པ་སྟོང་ཕྲག་བརྒལ་བས་གཞུང་ཆེན་ཁག་ལ་བརྒལ་བརྟག་གསན་བཞེས་རྒྱ་ཆེན་མཛད་བཞིན་ཡོད་པ་དང་། འདས་པའི་ལོ་ཤས་ནས་བཟུང་འཇང་དགུན་ཆོས་ཚོགས་སྲོལ་དེ་བོད་ཀྱི་ས་ཁུལ་ཡོངས་སུ་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་དང་། ཡང་འབྲེལ་ཡོད་གཞན་དེས་འདི་ལོ་རྒྱ་ནག་གཞུང་གི་དམ་དྲག་སྟངས་འཛིན་ལ་མ་བལྟོས་པར་བོད་ཀྱི་ས་ཁུལ་གང་ས་ནས་དགེན་འདུན་པ་ ༣༢༠༠ ལྷག་འདུ་འཛོམས་ཀྱིས། གཞུང་ཆེན་ཁག་ལ་བགྲོ་གླེང་གནང་ཐུབ་ཡོད་པ་བརྗོད་བྱུང་།

ཕྱི་ལོ་ ༢༠༢༢ ལོའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དེ་རྫ་སེར་ཤུལ་རྫོང་རྫ་སྨད་དབོན་པོ་དགོན་དུ་ཚོགས་ཡོད་ན་ཡང་། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་ཚོགས་རྒྱུར་ཉིན་གཅིག་ལས་མེད་པའི་དུས་ཚོད་དེར་བཀག་འགོག་བྱས་ཡོད་སྟབས། ས་གནས་མི་མང་དང་དགོན་པའི་ངོས་ནས་སྲིད་གཞུང་ལ་རེ་སྐུལ་ཡར་ཞུ་ཐེངས་མང་ཞུས་ཀྱང་། བདེ་འཇགས་ལ་ཡིད་གཟབ་དགོས་སྐོར་བརྗོད་ནས་ཚོགས་བཅུག་མེད་པ་རེད། འཇང་དགུན་ཆོས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གདན་ས་གསུམ་གྱི་ཕྱག་སྲོལ་རྒྱ་ཆེན་པོ་ཞིག་ཡིན་པ་དང་། ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ནང་ཚོགས་སྲོལ་ཡོད་པ་ཞིག་དང་། སྐབས་དེར་དབུས་ཁུལ་དུ་མཚན་ཉིད་དར་ཁྱབ་ཆེ་ཙམ་ཡོད་པའི་སེ་འབྲས་དགའ་གསུམ་དང་། སྙེ་ཐང་རྭ་སྟོད། མངའ་རིས་གྲྭ་ཚང་སོགས་ནས་དགེ་འདུན་པ་འདུ་འཛོམས་ཡོང་གི་ཡོད་པ་དང་། རྗེས་སུ་རིམ་པས་མདོ་སྟོད་སྨད་གཉིས་སུ་དར་ཁྱབ་ཕྱིན་པ་དང་འབྲེལ་སྔར་གྱི་འཇང་དགུན་ཆོས་ཞེས་པའི་ཕྱག་ལེན་སྔར་རྒྱུན་བཞིན་བྱས་ཏེ། སྐབས་དེའི་རྩོད་གཞུང་ནི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གཙོ་བོ་ཡིན་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org