འཇམ་དཔལ་དབང་ཕྱུག་ད་དུང་ཡང་གར་སོང་ཆ་མེད་།

བོད་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་དགོན་པའི་དགེ་འདུན་པ་འཇམ་དཔལ་དབང་ཕྱུག་ལགས་༢༠༠༨་ལོ་ནས་ད་དུང་ཡང་གར་ཡོད་ཤེས་རྟོགས་ཐུབ་པར་གར་སོང་ཆ་དུ་གྱུར་འདུག

དེ་ཡང་བསོད་ནམས་ཀྱིས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ༢༠༠༨ལོར་ཟླ་༣ཚེས་༡༠ནས་བཟུང་བོད་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་ཞི་བའི་སྐད་འབོད་བྱས་པ་སོགས་ལ་བརྟེན་དགོན་པར་རྒྱ་དམག་གིས་བསྐོར་ཏེ་དགེ་འདུན་པ་རྣམས་དགོན་པའི་ཕྱི་ལ་བཏང་མེད་པ་དང་། ཕྱི་མི་ཡང་ནང་ལ་མ་བཏང་བའི་རྐྱེན་ཀྱིས་ཟ་མ་སོགས་རྫོགས་ནས་དཀའ་ངལ་སྣ་ཚོགས་འཕྲད་ཡོད་པ་དང་། སྐབས་དེར་འབྲས་སྤུངས་དགོན་པ་ནས་དགེ་འདུན་པ་མང་པོ་གང་བྱུང་འཛིན་བཟུང་གིས་ཉེས་རྡུང་ཚད་ལས་འདས་པ་བཏང་སྟེ་དགོན་པ་ནས་བཙོན་ཁང་ཁག་དང༌། ཡང་ན་སོ་སོའི་ཕ་ཡུལ་དུ་བཙན་ཤེད་ཀྱིས་བསྐྱེལ་ཡོད་ལྟར། འབྲས་སྤུངས་དགོན་པའི་དགེ་འདུན་པ་ཁག་ཅིག་ལ་དུས་བཀག་ལོ་ཚད་བཟོས་ནས་གཞིས་རྩེ་ས་ཁུལ་ཉ་རི་བཙོན་ཁང་དང༌། ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་ཡོད་པ་རེད་འདུག

དགེ་བསྐོས་འཇམ་དཔལ་དབང་ཕྱུག་

གནས་སྟངས་དེའི་ཁྲོད་ནང་མི་སྤུན་མཆེད་དང་ཉེ་འབྲེལ་ཚོས་ཐབས་ཤེས་གང་ཡོང་གིས་རྩད་ཞིབ་བྱས་ཀྱང་སྐབས་དེ་ནས་དགེ་འདུན་པ་གཉིས་ད་ལྟ་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། དེ་ནི་འབྲས་སྤུངས་དགོན་པའི་དགེ་བསྐོས་འཇམ་དཔལ་དབང་ཕྱུག་ལགས་༡༠༠༨ལོའི་ཕྱི་ཟླ་༤ཚེས་༡༡ཉིན་ཁོང་༣༡༤དོན་རྐྱེན་གྱི་མི་སྣ་གཙོ་བོ་ཡིན་ཚུལ་གྱིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག  འོན་ཀྱང་རྗེས་སུ་རྒྱ་གཞུང་གིས་ཁོང་ལ་ཉེས་ཅན་ཡིན་པའི་དཔང་རྟགས་གང་ཡང་མ་རག་པར་བརྟེན་དཔལ་འབྱོར་ལ་ཁ་གཡར་ཏེ་ཉེས་མེད་ཉེས་འཛུགས་འོག་ཁོང་ཚེ་བཙོན་ཡིན་པ་དང་། ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་ཡིན་ཞེས་དགོན་པའི་ནང་ཁྱབ་བསྒྲགས་བྱས་པ་ཙམ་ལས་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་ནང་མི་དང་དགོན་པའི་གྲྭ་པ་དེ་མིན་འབྲེལ་ཡོད་ཁག་ཚང་མས་བརྩད་གཅོད་བྱས་ཀྱང་ཞིབ་ཕྲའི་གནས་སྟངས་ད་དུང་ཡང་རྩ་བ་ནས་མ་ཤེས་པར་གར་སོང་ཆ་མེད་དུ་གྱུར་འདུག

གྲྭ་འཇམ་དཔལ་དབང་ཕྱུག་ལགས་ནི་རང་ལོ་༥༨ཡིན་པ་དང༌། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་ཕན་པོ་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་ནས་ཡིན་པ་རེད། ༡༩༨༢ ལོར་འབྲས་སྤུངས་དགོན་དུ་ཆོས་བཞུགས་གནང་ནས་བཟུང་སློབ་གཉེར་གནང་སྟེ་སློབ་མཐར་སོན་ཡོད་པ་དང༌། ༢༠༠༨ལོར་འཛིན་བཟུང་སྐབས་ཁོང་འབྲས་སྤུངས་བློ་གསལ་གླིང་གི་དགེ་བསྐོས་ཡིན་འདུག

གཞན་གར་སོང་ཆ་མེད་མེད་དུ་གྱུར་བ་གཅིག་ནི་འབྲས་སྤུངས་ཀྱི་དཔེ་ཁྲིད་དགེ་རྒན་གྲྭ་དཀོན་མཆོག་ཉི་མ་ལགས་ཡིན་པ་དང་། ཁོང་ཡང་ལོ་ངོ་༢༠ལ་བཙོན་འཇུག་དང་ལོ་༥ལ་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་ཡིན་ཞེས་གསལ་བསྒྲགས་བྱས་པ་ཙམ་ལས་གར་སོང་ཆ་མེད་དུ་གྱུར་པ་རེད་འདུག

ངག་དབང་ཆོས་ཉིད་ལགས་

དེ་བཞིན་སྐབས་དེར་ཉིན་གཅིག་དུས་གཅིག་ལ་གོང་གི་དོན་རྐྱེན་དེར་ཁ་གཡར་ནས་འཛིན་བཟུང་བྱས་བའི་ཁྲོད་གྲྭ་ངག་དབང་ཆོས་ཉིད་ལགས་དུས་ཡུན་ལོ་༧ལ་ཁྲིམས་ཐག་བཅད་ཡོད་པ་ད་ལྟ་ཆུ་ཤུར་རྫོང་གི་སྙེ་ཐང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ཁོང་མཉམ་དུ་འབྲས་སྤུངས་དགོན་པའི་དགེ་མདུན་པ་བུ་ཆུང་ལགས་དང་། ཆོས་འཕེལ། ཟླ་གྲགས་བཅས་ད་ལྟ་བཙོན་ཁང་དུ་ཡོད་འདུག

ངག་དབང་ཆོས་ཉིད་ལགས་ལོ༤༢དང་སྐྱེས་་ཡུལ་ལྷ་ས་ཤ་སར་ཟུར་ནས་ཡིན་པ་དང་། འབྲས་སྤུངས་སྔགས་པ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org