དངོས་ཡོད་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར། རྒྱ་ནག་གི་བྱ་འཕིར་སྐུད་པ་ཟེར་བར་རྒྱ་གར་གྱིས་བཀག་འགོག་བྱས་པ་འདི་རྒྱ་ནག་ལ་ངོ་རྒོལ་བྱས་པ་ཞིག་རེད་དམ།

རྒྱ་ནག་གི་བྱ་འཕིར་སྐུད་པ་ཟེར་བར་རྒྱ་གར་གྱིས་བཀག་འགོག་བྱས་པ་འདི་རྒྱ་ནག་ལ་ངོ་རྒོལ་བྱས་པ་ཞིག་རེད་དམ།

ཁ་བྱང་།   འཁྱོག་གཏམ།

རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ཟླ་༨ཚེས་༡༤ཉིན་ནས་བཟུང་རྒྱ་ཁབ་ངང་གནས་ཚུལ་ཞིག་ཁྱབ་གདལ་ཕྱིན་ཡོད་པ་སྟེ།   རྒྱ་གར་གྱིས་ཡང་བསྐྱར་བྱ་འཕིར་གྱི་སྐུད་པ་བེད་སྤྱོད་བྱས་ནས་སྐྱོན་འཚོལ་སྒྲོ་འདོགས་བྱས་པ་ཟེར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཐུན་མོང་ནས་རྒྱ་ནག་གི་བྱ་འཕིར་སྐུད་པར་བཀག་འགོག་བྱས་ཏེ་རྒྱ་ནག་ལ་ངོ་རྒོལ་གྱི་བརྗོད་གཞིར་བཀོལ་སྤྱོད་ལག་རྩེད་རྩེ་པ་བརྗོད་ཡོད་ཅིང་།   <<གསར་འགྱུར་ལ་ལྟ་བ་>>ཟེར་བའི་འབྲེལ་ཡོད་བརྙན་ཐུང་ཞིག་་ དྲ་ཚིགས་ཐོག་བཞག་པ་འདི་དོ་སྣང་བྱེད་མཁན་མང་ཤོས་སུ་གྱུར་ནས་ལྟ་མཁན་ས་ཡ་མང་པོ་བྱུང་ཡོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨེ་ཤེ་ཡའི་བདེན་རྫུན་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་བརྟག་དཔྱད་ཁང་ནས་རྒྱ་གར་རྒྱལ་ཁབ་ཀྱི་ཁྲིམས་ཁང་ལྗང་ཁུའི་ཡིག་ཆ་རྩད་འཚོལ་ཐུབ་པ་དང་།   རྒྱ་གར་གཞུང་གིས་ཁ་གསལ་ངང་བཀག་འགོག་བྱས་པའི་རྒྱ་ནག་གི་རྣམ་པའི་བྱ་འཕིར་སྐུད་པ་ཟེར་བ་དེར་རྣག་བཏང་པའི་ནུས་པ་འདིས་མི་ལ་གནོད་སྐྱོན་བཟོ་སྲིད་པ་མ་ཟད།    གསལ་བཤད་བྱ་མི་ཐུབ་པའི་རང་བཞིན་ཐོག་ནས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པ་བརྗོད་ཡོད།    ཡིག་ཆའི་ནང་ད་དུང་འགྲེལ་བརྗོད་བྱས་པར།   རྒྱ་ནག་གི་རྣམ་པའི་བྱ་འཕིར་སྐུད་པ་ཟེར་བ་འདི་ཉི་ལུང་གི་རྒྱུ་ཆའི་བྱ་འཕིར་སྐུད་པ་བེད་སྤྱོད་བྱས་པར་གོ་དགོས་ཀྱི་ཡོད་པ་དང་།   དེའི་མིང་ཐོགས་ཚུལ་ནི་རྒྱུ་ཆ་polyethyleneཟེར་བ་སྤོས་དཀར་གྱི་རྫས་འདི་མང་ཆེ་བ་རྒྱ་ནག་ནས་ཐོན་གྱི་ཡོད་པ་ལས།   རྒྱ་ནག་གིས་ཐོན་སྐྱེས་བྱས་པའི་བྱ་འཕིར་སྐུད་པར་བརྗོད་ཀྱི་མེད།   དེར་བརྟེན་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་འབྲེལ་བརྒྱུད་ལམ་ཐོག་རྒྱ་ནག་གིས་བཟོས་པའི་བྱ་འཕིར་སྐུད་པ་ཟེར་བ་རྒྱ་གར་གྱིས་བཀག་འགོག་བྱས་པ་བརྗོད་པ་མ་ཟད།   ད་དུང་འདི་ནི་རྒྱ་ནག་ལ་ངོ་རྒོལ་ཟེར་བའི་བྱ་སྤྱོད་ཡིན་པ་བརྗོད་པ་འདི་ནི་ནོར་འཁྲུལ་གྱི་གནས་ཚུལ་ཁོངས་སུ་གཏོགས་ཡོད།

གོ་ལའི་དྲ་ཚིགས་དང་ཧྲང་ཧད་རིག་གནས་རླུང་འཕྲིན་སོགས་བརྒྱུད་ལམ་གྱི་པར་རིས། རྒྱ་གར་གྱིས་བྱ་འཕིར་སྐུད་པ་བདེ་སྤྱོད་བཏང་ནས་སྐྱོན་འཚོལ་སྒྲོ་འདོགས་བྱས་པ་ཟེར་བརྗོད་པ།

དབྱེ་ཞིབ་གཏིང་ཟབ་བྱས་པ།

སྤྱི་ཟླ་༨ཚེས་༡༥ཉིན་ནི་རྒྱ་གར་གྱི་རང་བཙན་ཉིན་མོ་ཡིན་ཞིང་།   ༡༩༤༧ལོར་དབྱིན་ཡུལ་གྱི་དབང་བསྒྱུར་འོག་ནས་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ལ་གྱུར་པའི་དྲན་གསོའི་ཉིན་མོ་ཆགས་ཡོད།    ཉིན་འདིར་རྒྱ་གར་མང་ཚོགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ནི་བྱ་འཕིར་བཏང་ནས་དགའ་སྟོན་ཞུ་སྲོལ་ཡོད་པ་དང་།    འོན་ཀྱང་རང་བཙན་ཉིན་མོའི་སྔ་ནུབ་ལ།   རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་དང་སྤྱི་ཚོགས་དྲ་འབྲེལ་བརྒྱུད་ལམ་ཐོག་རྒྱ་གར་གྱིས་ཡང་བྱ་འཕིར་གྱི་སྐུད་པ་བེད་སྤྱོད་བྱས་ཏེ་སྐྱོན་འཚོལ་སྒྲོ་འདོགས་ཟེར་བའི་ཐོག་ནས་རྒྱ་ནག་ལ་ངོ་རྒོལ་ཟེར་བ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཁྱབ་གདལ་བྱེད་འགོ་བཙུགས་ཡོད།

རྩད་དེད་བཏང་སྐབས་གནས་ཚུལ་ཐོག་མར་བཏོན་མཁན་ནི་གོ་ལའི་དྲ་ཚིགས་ཡིན་པ་དང་།   དེས་བརྗོད་པར།   ཡང་བྱ་འཕིར་གྱི་སྐུད་པ་བེད་སྤྱོད་བཏང་སྟེ་སྐྱོན་འཚོལ་སྒྲོ་འདོགས་བྱེད་ཀྱི་འདུག   རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ནས་འུད་སྒྲོག་བཤད་ཀྱི་ཡོད་པ་སྟེ།   རྒྱ་ནག་ནས་ཐོན་པའི་བྱ་འཕིར་སྐུད་པས་རྒྱ་གར་གྱི་བྱ་བྱིའུ་རིགས་ལ་གནོད་འཚེ་བཟོ་བའི་ཉེན་ཁ་མཐོ་རུ་ཕྱིན་ཡོད་ཟེར་བརྗོད་འདུག   ཡང་ཧྲང་ཧད་རླུང་འཕྲིན་བརྙན་འཕྲིན་ཁང་གི་གསར་འགྱུར་བརྒྱུད་ལམ་ལྟེ་གནས་ཀྱིས་ཀྱང་འཕྲིན་ཕྲན་weiboཐོག་བརྗོད་གཞི་གཅིག་པའི་བརྙན་པར་ཞིག་བཏོན་ཡོད་པ་འདིའི་ནང་རྒྱ་གར་གྱིས་བྱ་འཕིར་སྐུད་པ་བེད་སྤྱོད་བཏང་ནས་སྐྱོན་མེད་སྐྱོན་འཚོལ་བྱས་པ་ཟེར་བརྗོད་ཡོད།

འཕྲིན་ཕྲན་weiboཁ་བྱང་བེད་སྤྱོད་བྱེད་མཁན་གྱི་པར།   (ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨེ་ཤེ་ཡའི་བདེན་རྫུན་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་བརྟག་དཔྱད་ཁང་།)

དེ་རྗེས་བཤད་སྟངས་འདི་དང་འདྲ་བའི་ཚིག་སྦྱོར་ཧ་ཅང་ཕོན་ཆེན་ཞིག་སྤྱི་ཚོགས་དྲ་ལམ་གྱི་དྲ་ཚིགས་ཁག་གི་ཐོག་ཁྱབ་གདལ་བྱེད་འགོ་བཙུགས་པ་དང་།   འཕྲིན་ཕྲན་weiboདང་ཁྱུགས་དབྱིངས་TikTokདྲ་ཚིགས་ཐོག་གི་དྲ་གྲོགས་ནས་ཟུར་ཟ་བྱས་ཏེ་བྱ་འཕིར་སྐུད་པ་ཡང་གཞི་རྒྱ་ཆེ་བའི་བསད་རྨས་རང་བཞིན་ལྡན་པའི་མཚོན་ཆའི་ཁོངས་སུ་བཅུག་དགོས་པ་འདུག་ཅེས་དང་།   རྒྱ་ནག་གི་བྱ་འཕིར་སྐུད་པར་བཀག་འགོག་བྱས་པའི་རྒྱུ་མཚན་ནི་བྱ་བྱིའུ་རིགས་ལ་གནོད་པ་མ་ཟད།  ཡང་མི་ལ་གནོད་འཚེ་བཟོ་བཞིན་ཡོད་པ་བརྗོད་ཀྱི་ཡོད་པས།   རྒྱ་གར་གྱིས་ཨ་རིར་སློབ་སྦྱོང་བྱས་ཏེ་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་།  མཐར་རང་ཉིད་ལ་གནོད་རྒྱུ་རེད་ཅེས་བརྗོད་ཡོད།

དེའི་ནང་གསར་འགྱུར་ལ་ལྟ་བ་ཟེར་བའི་ཁྱུགས་དབྱིངས་TikTokཁ་བྱང་ཐོག་བརྙན་པར་ཁྱབ་གདལ་ཆེན་པོ་ཕྱིན་ཡོད་ཅིང་།   ཁ་བྱང་འདིས་བདེ་འཇགས་ཀྱི་གནད་དོན་བསྟུད་མར་ཐོན་པ་འདིར་བྱ་འཕིར་སྐུད་པའི་གནད་དོན་བེད་སྤྱོད་བྱས་ནས་སྐྱོན་འཚོལ་བ་ཟེར་འགོ་བརྗོད་བྱས་པར་ལྟ་མཁན་ས་ཡ་མང་པོ་བྱུང་པ་མ་ཟད།  ད་དུང་ལྟ་ཀློག་དོ་སྣང་བྱེད་མཁན་མང་ཤོས་ཀྱི་མིང་གཞུང་ནང་ཚུད་པའི་གྲུབ་འབྲས་ཐོན་ཡོད།   རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་通传媒ཟེར་བས་ཀྱང་བརྙན་པར་འདི་སྤྱི་ཚོགས་དྲ་འབྲེལ་འཕྲུལ་སྒྲ་དྲ་ཚིགས་ཐོག་ཁྱབ་སྤེལ་བྱས་ཡོད།

གསར་འགྱུར་ལ་ལྟ་བ་ཟེར་བའི་ཁྱུགས་དབྱིངས་TikTokཁ་བྱང་ནས་ བདེ་འཇགས་ཀྱི་གནད་དོན་བསྟུད་མར་ཐོན་པ་འདིར་བྱ་འཕིར་སྐུད་པའི་གནད་དོན་བེད་སྤྱོད་བྱས་ནས་སྐྱོན་འཚོལ་བ་ཟེར་འགོ་བརྗོད་བྱས་པར་ལྟ་མཁན་ས་ཡ་མང་པོ་བྱུང་པ་མ་ཟད། ད་དུང་ལྟ་ཀློག་དོ་སྣང་བྱེད་མཁན་མང་ཤོས་ཀྱི་མིང་གཞུང་ནང་ཚུད་པའི་གྲུབ་འབྲས་ཐོན་ཡོད། (གསར་འགྱུར་ལ་ལྟ་བ་ཟེར་བའི་ཁྱུགས་དབྱིངས་TikTokཁ་བྱང་ལ་པར་ལེན་པ།)

 

རྒྱ་གར་གྱིས་བྱ་འཕིར་སྐུད་པ་བཀག་འགོག་བྱས་པའི་བཤད་སྲོལ་འདི་ཇི་ལྟར་བྱུང་བ།

རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་འབྲེལ་བརྒྱུད་ལམ་ཐོག་གི་འབྲེལ་ཡོད་གནས་ཚུལ་སྤེལ་པའི་ནང་གླེང་པའི་གནས་ཚུལ་གྱི་བྱུང་ཁུངས་ནི་རྒྱ་གར་གྱི་དུས་བབ་The Times of India གསར་ཤོག་འདི་ཡིན་ཞིང་།   ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨེ་ཤེ་ཡའི་བདེན་རྫུན་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་བརྟག་དཔྱད་ཁང་ནས་རྩད་འཚོལ་ཐུབ་པར།   རྒྱ་གར་གྱི་དུས་བབ་གསར་ཤོག་ནས་དངོས་གནས་ཟླ་༨ཚེས་༡༤ཉིན་གནས་ཚུལ་སྤེལ་ཡོད་པ་དང་།   འགོ་བརྗོད་དུ་《Freedom curtailed: Kites soar in sky, birds grounded with injuries》སྟངས་འཛིན་བྱས་པའི་རང་དབང་སྟེ།   བྱ་འཕིར་མཁའ་དབྱིངས་སུ་འཕུར་བ་དང་བྱ་བྱིའུ་རྨས་ནས་ས་ལ་ལྷུང་བ་ཟེར་བཀོད་ཡོད།   རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ནས་མིང་བཏོན་བྱས་པའི་རྩོམ་ཡིག་གཞན་ཞིག་ནི་རྒྱ་གར་གྱི་དཔལ་འབྱོར་དུས་བབ་The Economic Timesགསར་ཤོག་ནས་ཟླ་༨ཚེས་༡༣ཉིན་སྤེལ་བའི་གནས་ཚུལ་ནང་Birds at high risk of sustaining injuries due to Chinese 'manjha' stringsརྒྱ་ནག་གི་རྣམ་པའི་བྱ་འཕིར་སྐུད་པས་བྱ་བྱིའུ་རིགས་ལ་རྨས་སྐྱོན་གྱི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཟེར་བརྗོད་ཡོད།

གནས་ཚུལ་སྤེལ་བ་འདི་གཉིས་ཀས་“Chinese Manjha”ཟེར་གླེང་པ་མ་ཟད།   ད་དུང་ཉི་ལུང་གི་རྒྱུ་ཆ་དེ་རིགས་ཀྱི་བྱ་འཕིར་རྐུད་པས་བྱ་བྱིའུ་རིགས་ཧ་ཅང་མང་པོ་བསད་རྨས་བཏང་ཡོད་པ་བརྗོད་ཡོད།   རྒྱ་གར་གཞུང་གིས་༢༠༡༧ལོ་ནས་ཕྱིར་འཚོང་བྱ་རྒྱུ་བཀག་འགོག་བྱས་ཡོད་རུང་།   ད་དུང་མང་ཚོགས་ཀྱིས་ལྐོག་ལ་མུ་མཐུད་བེད་སྤྱོད་བྱེད་ཀྱི་ཡོད་པས།   ཁོང་ཚོས་ཚོད་དཔག་བྱས་ན།   འདི་ལོའི་རང་བཙན་ཉིན་མོའི་དགའ་སྟོན་སྐབས་ལ་བྱ་བྱིའུ་རིགས་བསད་རྨས་ཀྱི་གྲངས་འབོར་ཕར་སྣོན་འགྲོ་རྒྱུ་ཡིན་པ་བརྗོད་ཡོད།
Chinese Manjhaཟེར་བ་འདི་གང་རེད་དམ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨེ་ཤེ་ཡའི་བདེན་རྫུན་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་བརྟག་དཔྱད་ཁང་ནས་ཤེས་རྟོགས་བྱུང་བར།   རྒྱ་གར་གྱི་དུས་བབ་དང་རྒྱ་གར་གྱི་དཔལ་འབྱོར་དུས་བབ།  ད་རིང་གི་ཚོང་ལས། Business Today   རྒྱ་གར་གྱི་མྱུར་འཕྲིན། The Indian Expres ཧིན་རྡུ་གསར་ཤོག The Hinduསོགས་གསར་ཤོག་ཆེ་ཁག་ཧ་ལམ་ཚང་མས་Chinese Manjhaཟེར་འབྲེལ་ཡོད་གནས་ཚུལ་སྤེལ་ཡོད་འདུག

རྒྱ་གར་རྒྱལ་ཁབ་ཀྱི་ཁྲིམས་ཁང་ལྗང་ཁུ་ནས་“Chinese Manjha”ཟེར་བ་འདི་ཐ་སྙད་ཅིག་ཡིན་པ་བརྗོད་ཡོད། (NGTབཅད་ཁྲའི་པར། )

 

བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ཕྱོགས་སྒྲིག་ཞུས་ན།   Chinese Manjhaཟེར་བ་འདི་ཉི་ལུང་གི་རྒྱུ་ཆའི་བྱ་འཕིར་སྐུད་པར་གོ་དགོས་པ་དང་།   གང་ཡིན་ཞེ་ན།   སྲོལ་རྒྱུན་གྱི་བཟོ་སྟངས་ཐོག་ནས་རས་ཀྱིས་བཟོས་པའི་བྱ་འཕིར་གྱི་སྐུད་པའི་རྣོ་ལས་ཤུགས་ཆེ་བ་ཡོད་པས་བྱ་འཕིར་སྐུད་པ་གཅོད་རེས་ཟེར་བྱ་འཕིར་འཛིང་རེས་བཏང་པའི་བརྒྱུད་རིམ་ནང་རྒྱལ་ཁ་ཐོབ་སླ་བ་དང་།   དེའི་ཐོག་རྒྱུ་ཆ་ནི་རས་ཀྱིས་བཟོས་པ་ལས་རིན་གོང་དམའ་བ་ཡོད་པས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཀྱི་ཡོད་འདུག   འོན་ཀྱང་བྱ་འཕིར་གྱི་སྐུད་པ་དེ་རིགས་བེད་སྤྱོད་བྱས་པ་འདིས་མང་ཚོགས་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་མང་པོ་ཐོན་ཡོད་ལ།   ཐ་ན་འདས་གྲོངས་སུ་སོང་བའི་གནས་ཚུལ་ཡང་ཐོན་པ་དང་།   དེ་བཞིན་བྱ་བྱིའུ་རིགས་ཧ་ཅང་མང་པོར་གནོད་འཚེ་ཕོག་པའི་དོན་རྐྱེན་བྱུང་ཡོད།   དེར་བརྟེན་རྒྱ་གར་གྱི་མངའ་སྡེ་ཁག་གིས་རིམ་པ་བཞིན་མང་ཚོགས་ཀྱིས་Chinese Manjhaདེ་རིགས་བཙོང་རྒྱུ་དང་བེད་སྤྱོད་བྱ་རྒྱུར་བཀག་འགོག་བྱས་པ་ཞིག་རེད་འདུག   རྒྱ་གར་རྒྱལ་ཁབ་ཀྱི་ཁྲིམས་ཁང་ལྗང་ཁུ་(NGT)ནས་དེ་བས་༢༠༡༧ལོར་རྒྱ་གར་ནང་“Chinese Manjha”ཟེར་བ་དེ་རིགས་བཙོང་མི་ཆོག་པ་དང་བེད་སྤྱོད་མི་ཆོག་པའི་བཀའ་རྒྱ་ཁ་གསལ་བཏང་ཡོད་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨེ་ཤེ་ཡའི་བདེན་རྫུན་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་བརྟག་དཔྱད་ཁང་ནས་༢༠༡༧ལོའི་ཁྲིམས་ཁང་ལྗང་ཁུའི་བཅད་ཁྲ་ཞིག་རྩད་རྙེད་ཐུབ་བྱུང་།  ཤོག་གྲངས་༡༡༣ཡོད་པའི་ཡིག་ཆ་དེའི་ནང་ཁྲིམས་གཞི་འདི་བཏོན་མཁན་དང་ངོ་རྒོལ་གྱི་བསམ་འཆར།   དེ་བཞིན་ཁྲིམས་ཁང་ལྗང་ཁུའི་མཐའ་མའི་ཐག་གཅོད་བཅས་ཚང་མ་ཞིབ་ཕྲ་བཀོད་ཡོད་འདུག

ཐག་གཅོད་བཅད་ཁྲའི་ནང་གི་དུམ་བུ་མང་པའི་ནང་“Chinese Manjha”ཟེར་གླེང་ཡོད་ཅིང་།   དེ་ནི་རས་ཀྱིས་བཟོས་པའི་བྱ་འཕིར་སྐུད་པ་ཟེར་བ་དང་དབྱེ་བ་ཕྱེ་བའི་དོན་དུ་རེད་འདུག   ཤོག་གྲངས་༣༣ནང་“Chinese Manjha”ཟེར་བ་འདི་ཉི་ལུང་དང་།   རྒྱུ་ཆ་བསྲེས་སྦྱོར་བྱས་པ།  ལྕགས་རིགས་ཀྱི་བྱ་འཕིར་སྐུད་པ་སོགས་ལ་གོ་དགོས་ཀྱི་ཡོད་པ་གླེང་འདུག   ཤོག་གྲངས་༣༠ནང་“Chinese Manjha”ཟེར་བ་འདི་ཉི་ལུང་གི་རྒྱུ་ཆ་དང་བསྲེས་སྦྱོར་བྱས་པའི་སྐུད་པར་གོ་དགོས་ཀྱི་ཡོད་པ་ཐད་ཀར་འགྲེལ་བརྗོད་བྱས་པ་དང་།   འོན་ཀྱང་རྒྱ་ནག་དང་འབྲེལ་བ་མེད་པ་མ་ཟད།   ད་དུང་ཆེད་མངགས་རྒྱ་ནག་གིས་བཟོས་པ་དང་ཡང་ན་རྒྱ་ནག་ནས་ནང་འདྲེན་བྱས་པའི་བྱ་འཕིར་སྐུད་པར་བརྗོད་ཀྱི་མེད་པ་རེད་འདུག   ཐོན་རྫས་དེ་རིགས་ནི་རྒྱ་གར་ལ་བཟོས་པ་དང་མཁོ་འདོན་བྱས་པ།   བགོས་འགྲེམས་བྱས་པ་དང་བེད་སྤྱོད་བྱེད་ཀྱི་ཡོད།   དེར་བརྟེན་“Chinese Manjha”ཟེར་བ་འདི་འཕུར་སྐྱོད་ཀྱི་བྱ་འཕིར་སྐུད་པར་བེད་སྤྱོད་བྱེད་པའི་ཐ་སྙད་ཅིག་ལ་བརྗོད་ཀྱི་ཡོད་ཅེས་བཀོད་འདུག

དེར་བརྟེན་“Chinese Manjha”ཟེར་བ་འདི་མཚམས་ཤོས་ནི་རྒྱ་ནག་གི་རྣམ་པའི་བྱ་འཕིར་སྐུད་པ་ཟེར་རྒྱ་ཡིག་ཐོག་ཕབ་བསྒྱུར་བྱ་དགོས་ཀྱི་ཡོད་པ་ལས།   དཔེར་ན།  གསར་འགྱུར་བརྒྱུད་ལམ་གྱིས་འགོ་བརྗོད་དུ་བཀོད་པའི་རྒྱ་ནག་ནས་ཐོན་པའི་བྱ་འཕིར་སྐུད་པ་ཟེར་མིན་པ་རེད།

རྒྱ་གར་གྱི་ཆོས་དད་པའི་ཚགས་པར་ཟེར་བས་༢༠༢༣ལོར་གནས་ཚུལ་སྤེལ་བར།  Chinese Manjhaཟེར་བ་འདི་རྒྱ་གར་ས་གནས་རང་ལ་བཟོས་པ་ཡིན་རུང་།  དེའི་ནང་གི་གྲུབ་ཆ་ནི་རྒྱ་ནག་ནས་ཡིན་པའི་དབང་གིས་Chinese Manjhaཟེར་བརྗོད་པ་དང་ཡང་ན་Chemical Manjhaཟེར་བརྗོད་ཀྱི་ཡོད་པ་བཀོད་འདུག

དེ་སྔ་CPJརྒྱལ་སྤྱིའི་གསར་འགྱུར་རང་དབང་གི་བྱ་དགའ་ཐོབ་མྱོང་ཡོད་པའི་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་“Scroll.in” ནས་ཀྱང་གླེང་མྱོང་ཡོད་པ་དང་།   ༢༠༡༦ལོར་གནས་ཚུལ་སྤེལ་བའི་ནང་ལ་ཡང་སྐུད་པ་དེ་རིགས་ལ་Chinese manjhaཟེར་འབོད་དོན་ནི་དེའི་གྲུབ་ཆ་གཙོ་བ་སྟེ།  Polypropylene (聚丙烯)ཟེར་བའི་རྫས་འདི་མང་ཆེ་བ་རྒྱ་ནག་དང་ཐེ་ཝན་ནས་ནང་འདྲེན་བྱེད་ཀྱི་ཡོད་པས་ཡིན་པ་གླེང་འདུག   གནས་ཚུལ་སྤེལ་བ་འདིའི་ནང་ད་དུང་Mohit Kartikeyanབྱ་འཕིར་སྐུད་པའི་བཟོ་ཚོང་ཁང་གི་བརྗོད་སྲོལ་ཞིག་ལུང་འདྲེན་བྱས་ཡོད་པ་དང་།   “Chinese manjhaཟེར་བ་ཚང་མ་ས་གནས་རང་ནས་ཐོན་སྐྱེད་བྱས་པ་ཞིག་དང་འདི་ནི་མང་ཆེ་བ་ཚོང་གཉེར་གྱི་སླུ་ཐབས་ཤིག་དང་།   མི་ཚོས་ཉོས་པའི་སྐབས་སུ་ཕྱི་ནས་ནང་འདྲེན་བྱས་པའི་ཐོན་རྫས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་བརྗོད་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨེ་ཤེ་ཡའི་བདེན་རྫུན་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་བརྟག་དཔྱད་ཁང་ནས་རྒྱ་གར་གྱི་བྱ་འཕིར་སྐུད་པའི་ཚོང་གཉེར་བྱེད་མཁན་ཞིག་ “Manjha Kite Wale དང་འབྲེལ་བ་བྱུང་སྟེ་ཁོང་གིས་ཀྱང་ང་ཚོར་བརྗོད་པར།   རྒྱ་ནག་གི་རྣམ་པའི་བྱ་འཕིར་སྐུད་པ་Chinese Manjhaཟེར་བ་འདིའི་མིང་ཐོགས་སྟངས་འདི་དེའི་རྒྱུ་ཆ་ནི་རྒྱ་ནག་ནས་ནང་འདྲེན་བྱས་པ་རེད་ཅེས་བརྗོད་བྱུང་།   འོན་ཀྱང་ཁོང་གིས་ཁ་སྣོན་བྱས་པར།  དེའི་ནང་གི་ཉི་ལུང་གི་བྱ་འཕིར་སྐུད་པ་ཁག་ཅིག་དངོས་གནས་རྒྱ་ནག་ནས་ནང་འདྲེན་བྱས་པ་དང་།   ཡིན་ན་ཡང་ཉི་ལུང་གི་བྱ་འཕིར་སྐུད་པ་དེ་རང་ཁྲིམས་འགལ་ཆགས་ཀྱི་ཡོད་པ་བརྗོད་བྱུང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨེ་ཤེ་ཡའི་བདེན་རྫུན་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་བརྟག་དཔྱད་ཁང་སྟེ Asia Fact Check Labནི་ཆེད་མངགས་དེང་སང་གི་རྙིང་འཛིང་བརྒྱུད་ལམ་གྱི་ཁོར་ཡུག་དང་དེ་བཞིན་གསར་དུ་དར་བའི་བརྒྱུད་ལམ་ཁམས་འདིའི་ཁྲོད་དམིགས་ནས་ཐོན་པའི་ཚན་པ་གསར་པ་ཞིག་ཆགས་ཀྱི་ཡོད།   ང་ཚོས་གསར་འགྱུར་གྱི་ཆེད་ལས་ཐོག་ནས་ཡང་དག་པའི་བརྟག་དཔྱད་བྱས་པའི་གནས་ཚུལ་བཀོད་པ་དང་དེ་བཞིན་གཏིང་ཟབ་པའི་གནས་ཚུལ་བཀོད་པ་ཁག་མཁོ་འདོན་བྱེད་ཀྱི་ཡོད་ལ།   ཀློག་པ་པོས་ཐུན་མོང་གི་བརྗོད་གཞིར་ཕྱོགས་སྣ་ཚོགས་དང་ཁྱོན་ཡོངས་ནས་རྒྱུས་མངའ་ཤེས་རྟོགས་ཡོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད།   ཀློག་པ་པོས་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་འབྲེལ་ལམ་གྱི་ཁྱབ་སྤེལ་བྱས་པའི་གནས་ཚུལ་གང་རུང་ཞིག་ལ་དོགས་གཞི་བྱུང་ཚེ།   གློག་འཕྲིན་ཁ་བྱང་afcl@rfa.orgའདིའི་ཐོག་ནས་ཨེ་ཤེ་ཡའི་ནང་གི་བདེན་རྫུན་གྱི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་བརྟག་དཔྱད་ཁང་ལ་འབྲེལ་བ་གནང་རྒྱུར་དགའ་བསུ་ཞུ་རྒྱུ་དང་།   ང་ཚོས་ཁྱེད་ལ་བདེན་དཔང་ར་སྤྲོད་ཞུས་ཆོག 
རྩོམ་པ་པོ། རྡུང་གྲའེ། ཕབ་བསྒྱུར་ཞུ་མཁན་སྒྲོལ་དཀར།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org