རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་གྱི་ལྷན་ཚོགས་སུ་ཉི་ཧོང་དོན་གཅོད་མཆོག་གིས་བོད་དོན་གླེང་འདུག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་གྱི་ལྷན་ཚོགས་སུ་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པ་སོགས་གསལ་འདེབས་གནང་འདུག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་གྱི་ལྷན་ཚོགས་སུ་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་དོན་གླེང་སྐབས། ༠༢།༡༧།༢༠༢༣ CTA

རྒྱ་ནག་གཞུང་གིས་ཐེ་ཝན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པ་དང་། རྒྱ་ནག་རང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ། དཔལ་འབྱོར་གྱི་ནུས་པ་བེད་སྤྱོད་ཀྱིས་ཕྱི་རྒྱལ་ཁག་ཏུ་ཤུགས་རྐྱེན་སྤེལ་ཐབས་བྱེད་བཞིན་པ་སོགས་ཀྱི་ཐད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་གྱི་ལྷན་ཚོགས་(IPAC)་ཤིག་སྤྱི་ཟླ་༢པའི་ཚེས་༡༧ཉིན། ཉི་ཧོང་གི་རྒྱལ་ས་(Tokyo)་གྲོང་ཁྱེར་དུ་ཚོགས་ཡོད་པའི་ནང་། ཨོསི་ཊརེ་ལི་ཡ་དང་། དབྱིན་ཡུལ། སྦེལ་ཇམ་བཅས་ཀྱི་སྲིད་བློན་ཟུར་པ་ཁག་ཅིག་ཕེབས་ཡོད་པ་མ་ཟད། ཡོ་རོབ་དང་ཁེ་ཎ་ཌ། དབྱིན་ཡུལ། ཐེ་ཝན། ཉི་ཧོང་སོགས་ཀྱི་གྲོས་ཚོགས་འཐུས་མི་མང་པོ་ཆེད་དུ་བཅར་ཡོད་པའི་སར། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་ཁར། བོད་རིགས་རྒྱ་རིགས་སུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་གསལ་འདེབས་གནང་བ་དང་མཉམ། བྲག་མགོ་ས་གནས་སུ་སྤྱི་ལོ་༢༠༢༡ལོར་སྟོན་པའི་སྐུ་བརྙན་གཏོར་བཤིག་དང་། མ་ཎི་དུང་འཁོར་གཏོར་བཤིག རྗེ་བཙུན་བྱམས་པའི་སྐུ་བརྙན་གཏོར་བཤིག་བཏང་བ། བོད་རིགས་ལོ་ཆུང་བྱིས་པ་ཚོ་ཕ་མ་དང་ཁ་ཏག་རིང་བའི་གཏན་འཇགས་སློབ་གྲྭ་ཁག་ནང་བཅུག་སྟེ་རྒྱ་མིའི་སྐད་ཡིག་རིག་གནས་ཁོ་ན་བསླབ་བཞིན་པ་སོགས་གསལ་སྟོན་གནང་ཡོད་པ། ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཨོསི་ཊརེ་ལི་ཡའི་སྲིད་བློན་ཟུར་པ་(Scott Morrison)་ལགས་ཀྱིས་སྐབས་དེར། རྒྱ་ནག་གཞུང་གིས་རྡུལ་ཕྲན་མཚོན་ཆ་སོགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཉེན་ཁ་ཆེན་པོ་བཟོ་བཞིན་པ་དང་། ཡུ་གུར་མི་རིགས་ལ་དྲག་གནོན་ཚབས་ཆེན་གཏོང་བཞིན་པ་སོགས་རྒྱ་ནག་ལ་སྐྱོན་བརྗོད་གནང་བ་དང་མཉམ། རྒྱ་ནག་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་ཡུ་གུར་མི་རིགས་ཚོ་གང་བྱུང་བཙོན་འཇུག་གི་གནས་ཚུལ་མང་པོ་འཐོན་བཞིན་པས། འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ཁྱད་པར་ཤིན་ཅང་དུ་དྲག་གནོན་ཚབས་ཆེན་བྱེད་མཁན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོར་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུར་དགོངས་པ་བཞེས་དགོས་པ་སོགས་གསལ་སྟོན་གནང་འདུག


སྦེལ་ཇམ་གྱི་སྲིད་བློན་ཟུར་པ་(Guy Verhofstadt)་ལགས་ཀྱིས་ཀྱང་། རྒྱ་ནག་ནི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཉེན་ཁ་ཆེ་ཤོས་ཡིན་པ་མ་ཟད། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མང་གཙོའི་རྒྱལ་ཁབ་ཚོའི་ཉེན་ཁ་ཡིན་པ་ལྟར། ནུབ་ཕྱོགས་རྒྱལ་ཁབ་ཚོར་གཅིག་མཚུངས་སུ་ཉེན་ཁ་ཆགས་ཡོད་པར་བརྟེན། རྒྱ་ནག་གི་ཉེན་ཁ་གདོང་ལེན་ཆེད་ཤར་ནུབ་མང་གཙོའི་ཡུལ་གྲུ་ཚོས་རྒྱ་ནག་ལ་མཉམ་དུ་གདོང་ལེན་དང་། དམག་དོན་མཉམ་ལས་གནང་དགོས་པའི་དགོངས་ཚུལ་ཀྱང་བཏོན་ཡོད་འདུག
དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་(Liz Truss)་ནས་ཀྱང་རྒྱ་ནག་གཞུང་གིས་སོ་སོའི་མི་མང་ཙམ་མ་ཟད། འཛམ་གླིང་ཡོངས་ཀྱི་མིའི་བསམ་བློ་བསྒྱུར་ཐབས་ཀྱིས། འཛམ་གླིང་ལ་ལམ་སྲོལ་གསར་པ་ཞིག་གཏོད་རྒྱུའི་འབད་བརྩོན་བསྟེན་བཞིན་པ་ཡིན་ནའང་། རྒྱ་ནག་གི་ལམ་སྲོལ་ནི་དམ་དྲག་དང་བཀག་སྡོམ་སོགས་ཡིན་པས། ང་ཚོས་མཉམ་རུབ་འབད་བརྩོན་བྱས་ན་རྒྱ་ནག་གི་ཐབས་ཇུས་ལ་གདོང་ལེན་ཡག་པོ་གནང་ཐུབ་ངེས་ཡིན་པ་སོགས་གསལ་སྟོན་གནང་ཡོད་པ་རེད།
གཞན་ཡང་བགྲོ་གླེང་དེའི་ནང་འགྲོ་བ་མིའི་ཐོབ་ཐང་གང་དུ་རྡོག་རོལ་བཏང་ན་ཚང་མས་མཉམ་རུབ་ཀྱིས་གདོང་ལེན་མ་བྱས་ཚེ། གཅིག་སྡུད་རིང་ལུགས་པ་ཚོས་གྲངས་ཉུང་མི་རིགས་རྩ་མེད་བཟོ་ངེས་ཡིན་པའི་དགོངས་ཚུལ་སོགས་ཤུགས་ཆེ་བཏོན་ཡོད་པ། ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་མུ་མཐུད་དུ་འགྲེལ་བརྗོད་གནང་བྱུང་།
ལྷན་ཚོགས་དེའི་ཚོགས་ཐུན་རྗེས་མ་ཁག་ཏུ་མཇུག་བསྡོམས་གྲོས་ཆོད་ཅིག་ཀྱང་འཇོག་རྩིས་ཡོད་པ་མ་ཟད། ལྷན་ཚོགས་དེ་ནི་འབྱུང་འགྱུར་སྤྱི་ཟླ་༥པའི་ནང་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་འདུ་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤེ་མ་རུ་གནང་སྐབས། རྒྱ་ནག་གིས་འཛམ་གླིང་གི་ལམ་སྲོལ་ལ་གཏོར་བཤིག་ཚབས་ཆེ་གཏོང་བཞིན་པར། མང་གཙོའི་རྒྱལ་ཁབ་ཁག་མཉམ་རུབ་ཀྱིས་ལན་འདེབས་ཤུགས་ཆེ་བྱེད་རྒྱུའི་ཆེད་དུ་དམིགས་ཡོད་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་གྱི་ལྷན་ཚོགས་དེ་ནི། རྒྱ་ནག་ནང་བྱུང་བའི་དྲུག་བཞི་གནམ་བདེ་སྒོ་མོའི་དོན་རྐྱེན་གྱི་དུས་དྲན་ཆེད་༢༠༢༠ལོར་བཙུགས་ཡོད་པ་རེད་འདུག།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org