ཨ་རིའི་ཧ་ལྦདྲ་སློབ་གྲའི་དགེ་ལས་ལ་བོད་དོན་ངོ་སྤྲོད།

ཨ་རིའི་སྐུ་ཚབ་དོན་གཅོད་ནས་ཧ་ལྦདྲ་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་ཚོར་བོད་ཀྱི་རྒྱལ་ཁབ་ལོ་རྒྱུས་ངོ་སྤྲོད་གནང་ཡོད་འདུག

༄༅༎སྙན་གྲགས་ཅན་གྱི་ཨ་རིའི་ཧ་ལྦདྲ་གཙུག་ལག་སློབ་གཉེར་ཁང་དུ་ཟླ་བ་འདིའི་ཚེས་གཉིས་ཉིན་རྒྱལ་སྤྱིའི་འབྲེལ་ལམ་གོང་མཐོར་སྤེལ་བའི་སློབ་ཕྲུག་ཚན་པ་དེའི་ནང་། སློབ་གཉེར་བ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གོ་སྒྲིག་འོག་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་། མི་ནི་སོ་ཀྲའི་ས་གནས་གཞོན་ནུའི་ཚོགས་ཟུར་འཇིགས་མེད་ཨོ་རྒྱན་ལགས་གཉིས་ནས་བོད་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་བོད་ནང་རྒྱ་མིའི་བཙན་འཛུལ་མ་བྱས་པའི་གོང་གི་བོད་དང་། དེ་ནས་ཕྱི་ལོ་ ༡༩༥༩ ལོར་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་འདུག
ད་རེས་བོད་དོན་ངོ་སྤྲོད་ཀྱི་ལས་རིམ་འདིའི་ནང་། གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་ ༢༠༠ ཙམ་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད་ལོ་རྒྱུས་ངོ་སྤྲོད་གནང་རྒྱུ་ཙམ་མ་ཡིན་པར་ཁོང་རྣམ་གཉིས་ལ་བོད་དོན་དང་འབྲེལ་བའི་གནད་དོན་ཐད་བཅར་འདྲི་དང་ལེན་ཞུ་རྒྱུའི་གོ་སྐབས་ཀྱང་ཕུལ་འདུག ལས་རིམ་འདི་འདྲ་ཞིག་གོ་སྒྲིག་ཞུ་དགོས་དོན་ནི། བོད་ཀྱི་དངོས་ཡོད་གནས་སྟངས་ལོ་རྒྱུས་དང་། རིག་གཞུང་། ཆོས་སོགས་ངོ་སྤྲོད་བྱེད་རྒྱུའི་ཆེད་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org