བོད་མི་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ཟབ་སྦྱོང༌།
བྱང་ཨ་མི་རི་ཀའི་ནང་དུ་ཡོད་པའི་བོད་མི་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་ཀྱི་གཟབ་སྦྱོང་གོ་སྒྲིག་གནང་བཞིན་ཡོད་པ་རེད།
-
2011-01-14 -
-
-
༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས། བྱང་ཨ་མི་རི་ཀའི་ནང་དུ་ཡོད་པའི་བོད་མི་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་ཀྱི་གཟབ་སྦྱོང་གོ་སྒྲིག་གནང་བཞིན་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། སྐུ་ཚབ་དོན་གཅོད་ཁང་ནས་ཨ་མི་རི་ཀའི་ནང་མཐོ་རིམ་སློབ་གྲ་འགྲིམས་བཞིན་པའི་ན་གཞོན་ཚོའི་ནང་ཆོས་ཀྱི་གོ་རྟོགས་གོང་མཐོར་གཏོང་རྒྱུའི་ཆེད་དུ། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དགུན་དུས་ཉིན་བཞིའི་རིང་ནང་ཆོས་ངོ་སྤྲོད་ཀྱི་གཟབ་སྦྱོང་དེ་ཕྱི་ཟླ་དང་པོའི་ཚེས་༡༣ ཉིན་ནས་དབུ་བཙུགས་གནང་ཡོད་པ་དང༌། ནང་ཆོས་སློབ་ཁྲིད་གནང་མཁན་གཙོ་བོ་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་གཙོས་པའི་དབང་རྩའི་ཚན་རིག་མཁས་དབང་སྐུ་ཞབས་རི་ཆགས་ལྦེཊ་སན་དང༌། བླ་མ་མིག་དམར་ལགས། དཔལ་ས་སྐྱ་ཆོས་ཚོགས་ཀྱི་བླ་མ་པདྨ་དབང་གྲགས་ལགས། སྒྱུ་རྩལ་མཁས་པ་རྫལ་ཕྷི་ཝོ་ཀྲེ་སོགས་ཁག་ཅིག་གདན་ཞུ་གནང་ཡོད་པ་དང༌། སྐུ་ཚབ་དོན་གཅོག་ཁང་ནས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་དེ་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་ནི། ན་གཞོན་ཚོས་བོད་མིའི་ཐོུང་མ་ཡིན་པའི་ནང་ཆོས་དང་རིག་གཞུང་གི་ཁྱད་ཆོས་རྣམས་ངོས་འཛིན་ཐུབ་པ་བྱ་རྒྱུ་དང༌། ལྷག་པར་དུ་དེང་རབས་ཀྱི་ན་གཞོན་ནི་དེང་དུས་ཀྱི་ཕྱི་ནང་གི་ཤེས་བྱ་ལྡན་པའི་ཆ་རྐྱེན་ཐོག་ནང་ཆོས་ངོ་སྤྲོད་བྱས་པ་དེའི་ཐོག་ནས་མི་ཡ་རབས་བཟང་སྤྱོད་ལྡན་པ་དང། གཞན་ཕན་གྱི་བསམ་བློ་ལྡན་པའི་གསོ་སྐྱོང་བྱ་རྒྱུའི་ཆེད་དུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། སྐུ་ཚབ་དོན་གཅོད་མཆོག་གིས་གཟབ་སྦྱོང་ཉིན་དང་པོའི་དབུ་འབྱེད་གསུང་བཤད་ནང༌། ཟབ་སྦྱོང་གི་ལས་དོན་དེའི་ཐོག་ནས་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་འཚར་ལོངས་བྱེད་བཞིན་པའི་བོད་མི་ན་གཞོན་ཚོས་འཛམ་གླིང་སྟེང་ངོམས་སུ་ཆོག་པའི་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང༌། རིག་གཞུང་ཀྱི་ཁྱད་ཆོས་བཟང་པོ་ངོས་འཛིན་ཐུབ་པ་དང༌། དེ་དག་ནང་གསུང་པའི་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་རྣམས་ཁོང་དུ་ཆུད་པ་བྱས་ཏེ། འབྱུང་འགྱུར་རང་སྐྱིད་གཞན་ཕན་གྱི་བྱ་བ་སྒྱུབ་ཐུབ་པའི་རེ་བ་ཡོད་ཅེས་དང༌། ནང་ཆོས་གཟབ་སྦྱོང་ལས་གཞི་དེ་ནི། ༢༠༠༩ལོའི་ཕྱི་ཟླ་བཞི་པའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པའི་དགོངས་དོན་བཞིན། ལོ་འདིའི་ཕྱི་ཟླ་བརྒྱད་པ་ནང་སྐུ་ཚབ་དོན་གཅོད་ཁང་ནས་ལས་གཞི་དེ་འགོ་བཙུགས་གནང་སྟེ། ད་རེས་ཐེངས་གཉིས་པ་ཡིན་པ་དང། ཐེངས་འདིའི་གཟབ་སྦྱོང་ནང་མཐོ་རིམ་སློབ་གྲ་འགྲིམས་བཞིན་པའི་བོད་པའི་སློབ་ཕྲུག་དང༌། འབྲུག་པ། སོག་པོ། ལ་དྭགས་པ། ཤར་པ་བཅས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཞོན་སྐྱེས་བཅས་ཁྱོིན་མི་གྲངས་༩༠ཙམ་མཉམ་ཞུགས་བྱས་ཡོད་པ་རེད།