རྒྱ་གར་ཀཤ་མིར་ཁུལ་དམག་མིས་བུད་མེད་ཅིག་ལ་བཙན་གཡེམ།

རྒྱ་གར་ཀ་ཤི་མིར་ཁུལ་དུ་དམག་མིས་བུད་མེད་ཅིག་ལ་བཙན་གཡེམ་བྱས་པའི་རྐྱེན་གྱིས་མང་ཚོགས་ནས་ངོ་རྒོལ་བྱེད་བཞིན་ཡོད་པ།

༄༅༎རྒྱ་གར་གྱི་དབང་འོག་ཏུ་ཡོད་པའི་ཀ་ཤི་མིར་མངའ་ཁུལ་གྱི་ཀུལ་གྷམ་ཞེས་པའི་གྲོང་ཁྱེར་ནང་བུད་མེད་ལོ་ན་ཉི་ཤུ་རྩ་ལྔར་སོན་པ་ཞིག་ནསརྒྱ་གར་གྱི་དམག་མིའི་ཆས་གོས་གྱོན་པའི་མི་གཉིས་ནས་ཁོ་མོ་བཙན་འཁྲིད་དང་དེ་ནས་རིམ་པས་བཙན་གཡེམ་བྱས་བྱུང་ཞེས་ཉེས་བཙུགས་བྱས་ཡོད་པ་དང་། གནད་དོན་དེས་རྐྱེན་པས་ཁ་ས་རེས་གཟའ་པ་སངས་ནས་བཟུང་མུ་མཐུད་ནས་ཀ་ཤི་མིར་མངའ་ཁུལ་དུ་མང་ཚོགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བྱེད་མཁན་གྱེན་ལོག་ཤོག་ཁག་གི་འགན་འཛིན་ས་ཡིཏ་ ཨ་ལི་ གྷི་ལ་ནིས། ད་རེས་གནས་ཚུལ་འདིའི་ཐོག་ནས་དམག་མིའི་བྱ་སྤྱོད་ངན་པ་དངོས་གསལ་དོད་པོའི་ཐོག་ནས་ར་འཕྲོད་ཐུབ་པ་བྱུང་ཡོད་རེད་ཅེས་སྐྱོན་བརྗོད་བྱེད་ཡོད་པ་རེད། ཡང་ཁུལ་དེའི་དམག་མིའི་སྤྱི་ཁྱབ་ཨེས་ཨེ་ཧ་སན་གྱིས། གནས་ཚུལ་འདི་བཞིན་དངོས་འབྲེལ་ཡིན་པ་ར་འཕྲོད་ཐུབ་ཚེ་དེར་གཞིགས་པས་ཁྲིམས་ཐོག་ནས་ཉེས་ཆད་ཕོག་རྒྱུ་ཡིན་ལུགས་གསུངས་པ་དང་། ཆབས་ཅིག་ཁོང་གིས། སྤྱིར་བཏང་འཇིགས་སྐུལ་དྲག་སྤྱོད་པ་ཚོའི་སྔོན་མའི་བྱ་སྤྱོད་ལ་གཞིགས་པའི་སྐབས་ཁོང་ཚོས་ཀྱང་དམག་མིའི་ཆས་གོས་གྱོན་ནས་མང་ཚོགས་ཀྱི་སེམས་ནང་དམག་མིར་མཐོང་ཚུལ་ངན་པ་ཆེད་མངགས་བཟོས་པའི་རིགས་ཀྱང་ཡོང་སྲིད་པ་རེད་ཅེས་ཀྱང་གསལ་བཀྲོལ་བྱས་ཡོད་པ་རེད།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org