རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཤྲི་ལང་ཀ་ལ་ཕེབས་ཡོད་པ།
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གཟའ་སྤེན་པའི་ཉིན་ཤྲི་ལང་ཀའི་དེ་སྔོན་ནང་འཁྲུག་བྱུང་སའི་དམག་སར་གཟིགས་ཞིབ་ཏུ་ཕེབས་འདུག
-
2010-11-27 -
-
-
༄༅༎ཤྲི་ལང་ཀའི་གཞུང་འབྲེལ་དཔོན་རིགས་ནས་གནས་ཚུལ་བརྗོད་པར་གཞིགས་ན་ རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་ མཆོག་ཡུལ་དེའི་བྱང་ཕྱོགས་ཕྱེད་གླིང་ཁུལ་གྱི་ཇཕ་ན་ས་གནས་སུ་ཕྱི་ལོ་༡༩༩༠ནས་༡༩༩༥ལོའི་དབར་སི་རི་ལན་ཁ་ནས་ཁག་ཁག་དུ་གནས་པའི་ཊ་མིལ་མི་རིགས་ཀྱིས་དབང་འཛིན་བྱེད་སའི་ས་གནས་སུ་ གཞུང་འབྲེལ་ལས་ཁང་བཙུགས་རྒྱུའི་ཆེད་ས་གནས་དེའི་ནང་ཆེད་ཕེབས་གནང་ཡོད་པའི་སྐོར་གསུངས་འདུག་ལ་ དཔོན་རིགས་དེས་དེ་ནི་རྒྱ་གར་གྱིས་དེ་སྔོན་གྱི་དམག་འཁྲུག་ས་ཁུལ་ནང་གཞུང་འབྲེལ་ལས་ཁང་བཙུགས་པ་ཐོག་མ་དེ་ཡིན་པ་དང་དེ་ཡང་གཙོ་བོ་རྒྱ་ནག་གིས་ཤྲི་ལང་ཀའི་ཡུལ་ནང་ཤུགས་རྐྱེན་ཇེ་ཆེར་གཏོང་བཞིན་པའི་གནས་སྟངས་ལ་གདོང་ལེན་གྱི་ཆེད་རྒྱ་གར་གཞུང་གིས་ས་གནས་དེའི་ནང་གཞུང་འབྲེལ་འབྲེལ་ལམ་བཙུགས་རྒྱུ་ཡིན་པ་གསུངས་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག
དེ་དང་འབྲེལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཤྲི་ལང་ཀའི་ནང་གཟིགས་སྐོར་གནང་རིང་ཡུལ་དེའི་སྲིད་འཛིན་དང་མཇལ་འཕྲད་གནང་འཆར་ཡོད་པ་དང་རྒྱ་གར་གཞུང་གིས་ཤྲི་ལང་ཀའི་གཞུང་གིས་ཊ་མིལ་མི་རིགས་ཚོ་དང་དབང་ཆ་མཉམ་སྤྱོད་གནང་རྒྱུའི་སྐུལ་མ་གནང་གི་ཡོད་ཅིང་ འདས་པའི་ལོ་ངོ་མང་པོའི་རིང་ཤྲི་ལང་ཀ་གཞུང་དང་ཊ་མིལ་སྟག་གི་གྱེན་ལོག་ཤོག་ཁག་དབར་དམག་འཁྲུག་བརྒྱབ་ནས་མཐའ་མའི་ལོ་ངོ་ཁ་ཤས་ནང་ཤྲི་ལང་ཀ་གཞུང་ལ་པ་ཀི་སི་ཐན་དང་རྒྱ་ནག་གཞུང་གིས་གོ་མཚོན་གྱི་རོགས་རམ་བྱས་ནས་མཐར་ཊ་མིལ་སྟག་གི་གྱེན་ལོག་ཤོག་ཁག་ནང་འཁྲུག་དེའི་ནང་ཕམ་ཉེས་བྱུང་ཡོད་པ་རེད་ གནད་དོན་དབྱེ་ཞིབ་པ་མང་པོས་ཀྱང་ད་རེས་རྒྱ་གར་གཞུང་གིས་ཤྲི་ལང་ཀ་གཞུང་དང་ཊ་མིལ་སྟག་གི་ཤོག་ཁག་དབར་གྱི་དེ་སྔོན་དམག་འཁྲུག་བྱུང་སའི་ས་གནས་སུ་གཞུང་འབྲེལ་འབྲེལ་བ་བཙུགས་རྒྱུ་དེ་གཙོ་བོ་དེང་སྐབས་རྒྱ་ནག་གིས་ཤྲི་ལང་ཀའི་ནང་ཤུགས་རྐྱེན་ཆེ་རུ་གཏོང་བཞིན་པའི་གནས་སྟངས་དེར་ཁ་གཏད་ཀྱི་རྣམ་པ་ཞིག་ཡིན་པའི་དགོངས་ཚུལ་དབྱེ་ཞིབ་གནང་གི་ཡོད་པ་རེད༎