རྒྱ་ནག་ལ་ཁ་གཏད་གཅོག་པར་རྒྱ་གར་གྱི་དམག་མིས་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་གལ་ཆེན་དུ་མཐོང་བཞིན་པ།
རྒྱ་གར་གྱི་དམག་གིས་བོད་སྐད་དང་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་གིས་བོད་རིག་པའི་གཞུང་ལུགས་བེད་སྤྱོད་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ལས་འཆར་ཐད་གོ་བསྡུར་བྱེད་བཞིན་ཡོད་འདུག
- 2021-01-28
-
-
-
Your browser doesn’t support HTML5 audio
རྒྱ་གར་གྱི་དམག་གིས་བོད་སྐད་དང་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་གིས་བོད་རིག་པའི་གཞུང་ལུགས་བེད་སྤྱོད་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ལས་འཆར་ཐད་གོ་བསྡུར་བྱེད་བཞིན་ཡོད་འདུག
དེ་ཡང་རྒྱ་གར་གྱི་དུས་བབ་གསར་ཁང་(Times of India)ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་དྲག་པོའི་དམག་དཔུང་གིས་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་སོགས་ལ་སློབ་སྦྱོང་བྱ་རྒྱུའི་འཆར་གཞི་ཐོག་མ་དེ། རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་(M.M.Naravane)ཡིས་ཉེ་སྔོན་རྒྱ་གར་གྱི་གྲོང་ཁྱེར་སིམ་ལར་ཡོད་པའི་དམག་དཔོན་རྣམས་ལ་སྦྱོང་བརྡར་སྤྲོད་ཡུལ་(ARTRAC)ཞེས་པའི་བསྟི་གནས་སུ། དམག་དཔོན་རྣམས་ཀྱི་ཚོགས་འདུ་ཞིག་གི་སར་དགོངས་འཆར་བཏོན་གནང་བ་ཞིག་ཡིན་པ་དང་། གོང་ཞུས་རྒྱ་གར་གྱི་གྲོང་ཁྱེར་སིམ་ལར་ཡོད་པའི་དྲག་པོའི་དམག་མིར་སྦྱོང་བརྡར་སྤྲོད་ཡུལ་(ARTRAC)ཞེས་པ་དེས། རྒྱ་གར་ནང་གི་བོད་རིག་པའི་གཞུང་ལུགས་སློབ་གཉེར་བྱེད་ཡུལ། བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་ཁག་བདུན་ངོས་འཛིན་གནང་བའི་ཁོངས། ཝར་ན་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་། འབྲས་ལྗོངས་སུ་ཡོད་པའི་རྣམ་རྒྱལ་བོད་རིག་པའི་སློབ་གཉེར་ཁང་། རྒྱ་གར་(Arunachal Pradesh)མངའ་སྡེའི་ནང་ཡོད་པའི་ཧི་མ་ལ་ཡའི་དབུས་རིག་གཞུང་སློབ་གཉེར་ཁང་། རྒྱལ་ས་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་ནང་གི་ནང་པའི་རིག་གཞུང་སློབ་གཉེར་སྡེ་ཚན། སྤི་ཧར་མངའ་སྡེའི་ནང་ཡོད་པའི་(Nava Nalanda Mahavihara) ནུབ་སྦེང་གྷལ་མངའ་སྡེའི་ནང་ཡོད་པའི་(VisvaBharati)དང་། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ནང་ཡོད་པའི་ཏཱ་ལའི་བླ་མའི་ཆེས་མཐོའི་སློབ་གཉེར་ཁང་བཅས་ངོས་འཛིན་བྱས་ཚུལ་བཀོད་འདུག
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབྲས་ལྗོངས་སུ་ཡོད་པའི་སྒང་ཏོག་རྣམ་རྒྱལ་བོད་རིག་པའི་སློབ་གཉེར་ཁང་ལ་འབྲེལ་བ་ཞུས་སྐབས། འབྲེལ་ཡོད་མི་སྣས་ལས་འཆར་དེའི་ཐད་བཀའ་མོལ་བྱུང་བ་ཙམ་ལས་གཏན་འཁེལ་བའི་ཐག་གཅོད་གང་ཡང་བྱུང་མེད་པ་ངོ་སྤྲོད་གནང་བྱུང་། དེ་བཞིན་ཡང་སྦེང་ལོར་ནང་གི་ཏཱ་ལའི་བླ་མའི་ཆེས་མཐོའི་སློབ་གཉེར་ཁང་ལ་འབྲེལ་བ་ཞུས་སྐབས། ཁོང་ཚོར་དེའི་ཐད་འབྲེལ་བ་དང་གོ་བསྡུར་བྱེད་མཁན་བྱུང་མེད་པ་གསུང་བྱུང་།
དེ་བཞིན་རྒྱ་གར་གྱི་གསར་ལམ་ནང་གི་གནས་ཚུལ་ནང་། རྒྱ་ནག་གི་གནད་དོན་ཐོག་མཁས་པ་ཞིག་གིས། གལ་སྲིད་རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་ཐོག་བོད་ཀྱི་གནད་དོན་དེ་བེད་སྤྱོད་བཏང་རུང་མ་བཏང་རུང་། གཙོ་བོ་བོད་རིག་པའི་གཞུང་ལུགས་ཤེས་རྟོགས་བྱེད་རྒྱུ་དེ་གནད་འགག་ཆགས་ཡོད་པ་རེད་ཅེས་དགོངས་ཚུལ་གསུང་ཡོད་འདུག
རྒྱ་གར་གྱི་དམག་ལ་ཁྱིམ་མཚེས་པ་ཀིསི་ཐན་གྱི་ལོ་རྒྱུས་དང་སྐད་ཡིག་ལ་ཆ་རྒྱུས་ཆེན་པོ་ཡོད་པ་བཞིན། རྒྱ་ནག་ལ་ཁ་གཏད་ཆེད་རྒྱ་ནག་གི་སྐད་ཡིག་ཤེས་པ་གཅིག་པུས་འགྲིག་ཐབས་མེད་པར། རྒྱ་ནག་དང་ཡང་ཡང་རྩོད་རྙོག་བྱུང་ཡུལ་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་གྱི་གནས་ཚུལ་དང་། བོད་ཀྱི་སྐད་དང་རིག་གཞུང་། ལོ་རྒྱུས་སོགས་རྒྱ་གར་གྱི་དམག་མིས་ཡག་པོ་ཤེས་དགོས་པ་གལ་ཆེན་མཐོང་གི་ཡོད་པ་རེད་འདུག