ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇེ་ཊི་ཝེན་སི་མཆོག་གིས་རྒྱ་གར་ནང་གཟིགས་སྐོར་དང་ཆབས་ཅིག རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་གྱི་དྭངས་ལྕགས་རིགས་ལ་སྒོ་ཁྲལ་བརྒྱ་ཆ་ ༡༢ སྤར་ཡོད་པ།

རྒྱ་ནག་གིས་ཐོན་སྐྱེད་ཀྱི་ལྕགས་རིགས་རིན་གོང་ཁེ་བོ་སྣ་ཚོགས་ཤིག་རྒྱ་གར་དུ་ནང་འདྲེན་ཤུགས་ཆེ་བྱས་ཏེ། རྒྱ་གར་གྱི་ལྕགས་རིགས་ཕྱིར་ཚོང་དང་ཐོན་སྐྱེད་ཀྱི་རིམ་པ་ཇེ་དལ་དུ་བཏང་བ་མ་ཟད། ལྕགས་རིགས་ཐོན་སྐྱེད་ཀྱི་བཟོ་གྲྭ་ཁག་ཏུ་ལས་ཀ་ཇེ་ཉུང་དུ་འགྲོ་བཞིན་པར་བརྟེན། རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་གྱི་ལྕགས་རིགས་ཐོག་སྒོ་ཁྲལ་བརྒྱ་༡༢འགེལ་རྒྱུ་ཡིན་པའི་ཡོངས་བསྒྲགས་གནང་ཡོད།

ལས་མི་ཁག་ཅིག་གིས་དྭངས་ལྕགས་འོར་འདྲེན་བྱེད་བཞིན་པ། ༢༠༢༠།༠༥།༢༧ Reuters

རྒྱ་གར་ནི་འཛམ་གླིང་ཡོངས་ཀྱི་དྭངས་ལྕགས་རིགས་ཐོན་སྐྱེད་འབྱུང་ཁུངས་ཨང་རིམ་གཉིས་པ་དེ་ཆགས་ཀྱི་ཡོད་ནའང་། ཉེ་ལམ་ལོ་ཤས་ནས་བཟུང་རྒྱ་ནག་གིས་ཐོན་སྐྱེད་ཀྱི་དྭངས་ལྕགས་རིགས་རིན་གོང་ཁེ་བོ་སྣ་ཚོགས་ཤིག་རྒྱ་གར་དུ་ནང་འདྲེན་ཤུགས་ཆེ་བྱས་ཏེ། རྒྱ་གར་གྱི་དྭངས་ལྕགས་རིགས་ཕྱིར་ཚོང་དང་ཐོན་སྐྱེད་ཀྱི་རིམ་པ་ཇེ་དལ་དུ་བཏང་བ་མ་ཟད། དྭངས་ལྕགས་རིགས་ཐོན་སྐྱེད་ཀྱི་བཟོ་གྲྭ་ཁག་ཏུ་ལས་ཀ་ཇེ་ཉུང་དུ་འགྲོ་བཞིན་པ་སོགས་ཀྱིས། ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇའེ་ཌི་ཝན་སི་མཆོག་གིས་རྒྱ་གར་ནང་གཟིགས་སྐོར་གྱི་ཉིན་མོ་དེར། རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་གྱི་དྭངས་ལྕགས་རིགས་ཐོག་སྒོ་ཁྲལ་བརྒྱ་༡༢འགེལ་རྒྱུ་ཡིན་པའི་ཡོངས་བསྒྲགས་གནང་ཡོད་ཅིང་། རྒྱ་གར་གྱི་ལྕགས་རིགས་ཐོན་སྐྱེད་བློན་ཆེན་H.D་Kumaraswamyལགས་ནས།“སྒོ་ཁྲལ་དེ་ནི་རྒྱ་གར་ནང་གི་དྭངས་ལྕགས་རིགས་ཐོན་སྐྱེད་རྣམས་ཕྱི་རྒྱལ་ནས་དྭངས་ལྕགས་རིགས་ནང་འདྲེན་པའི་ཤུགས་རྐྱེན་ལས་སྐྱོབ་ཐབས་དང་། ཁྲོམ་རའི་ནང་དྲང་སྙོམ་གྱི་འགྲན་བསྡུར་ཡོང་བའི་ཆེད་དམིགས་ཡོད་པ་”གསལ་སྟོན་གནང་འདུག

རྒྱ་གར་ནང་གི་ (Observer Research Foundation)ཞེས་རྟོག་དཔྱོད་པ་དང་ཞིབ་འཇུག་ཐེབས་རྩ་ཁང་གི་ཉམས་ཞིབ་པ་Kalpit Mankikarལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན།“རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལྷོ་ཤར་ཨེ་ཤེ་ཡའི་ནང་སྐོར་བསྐྱོད་དང་འབྲེལ། ཨེ་ཤེ་ཡའི་གླིང་ཆེན་ནི་ཨེ་ཤེ་ཡའི་མི་རིགས་ཚོར་དབང་བ་དང་། ང་ཚོས་སོ་སོ་རང་གི་ལས་དབང་ཐག་གཅོད་བྱེད་དགོས་པ་ལས་གང་ཟག་གསུམ་པ་ཞིག་དེའི་དབར་འཛུལ་བཅུག་དགོས་དོན་མེད་པ་སོགས་ཀྱི་བསམ་ཚུལ་སྤེལ་ཐབས་ཀྱིས། ཨ་མི་རི་ཀའི་ཤུགས་རྐྱེན་ལྷོ་ཤར་ཨེ་ཤེ་ཡའི་ནང་འགོག་ཐབས་གང་དྲག་བྱེད་བཞིན་པ་གསལ་པོ་རེད། འོན་ཀྱང་རྒྱ་གར་གྱི་དམིགས་ཡུལ་ནི་རྒྱ་ནག་དང་རྦད་དེ་ཐ་དད་ཡིན། རྒྱ་གར་གྱིས་ཨ་མི་རི་ཀ་ལ་ཚོང་དོན་དང་འབྲེལ་བའི་གྲོས་མོལ་གནང་ཐབས་བྱེད་བཞིན་པ་རེད་”ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་ཚོང་དོན་ལྷན་ཁང་གིས་ཉེ་ལམ་གསལ་བཤད་ཅིག་སྤེལ་བའི་ནང་། “རྒྱལ་ཁབ་སུས་ཀྱང་སོ་སོར་སྒོ་ཁྲལ་མི་ཕོག་པའི་གནས་སྐབས་ཀྱི་ཁེ་ཕན་ཆེད་ཨ་མི་རི་ཀར་གྲོས་མོལ་གྱིས། གཞན་གྱི་རྩ་དོན་ལ་དོ་ཕོག་དང་བློས་གཏོང་བྱེད་པ་དེས། ཕྱོགས་གཉིས་ཀར་ཕན་ཐོགས་མི་འབྱུང་བ་མ་ཟད། འབྲེལ་ཡོད་ཚང་མ་ལ་གནོད་ཚབས་ཆེན་པོ་ཡོང་གི་རེད་”ཅེས་གསལ་སྟོན་བྱས་ཡོད་ནའང་། རྒྱ་གར་གྱི་ཚོང་དོན་སྐོར་གྲོས་མོལ་གནང་མཁན་རྣམས་སྤྱི་ཟླ་༤པའི་ཚེས་༢༤ཉིན་ནས་ཨ་མི་རི་ཀའི་ནང་ཕེབས་འཆར་གྲ་སྒྲིག་ཨང་གསར་གནང་གི་ཡོད་པ་དང་མཚུངས། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇའེ་ཌི་ཝན་སི་མཆོག་རྒྱ་གར་ནང་ཕེབས་ཏེ། རྒྱ་གར་སྲིད་བློན་ནཱརེནྟྲི་མཱོ་ཏི་མཆོག་དང་མཇལ་འཕྲད་ཀྱིས། རྒྱལ་ཁབ་གཉིས་ཀྱི་མི་མང་གི་བདེ་དོན་ཆེད་ཚོང་འབྲེལ་གྲོས་མཐུན་ཞིག་འཇོག་རྒྱུར་གོ་བསྡུར་ཐོག་གལ་ཆེའི་ཡར་རྒྱས་འགྲོ་བཞིན་པའི་རྣམ་པ་བསྟན་གནང་ཡོད།

རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་ཏཱཀྴི་ལ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་Anushka Saxenaལགས་ཀྱིས་ཀྱང་འདི་གར་ཡིག་ཐོག་ལན་འདེབས་ཀྱི་ནང་། “ཨ་མི་རི་ཀ་དང་རྒྱ་གར་དབར་ཚོང་འབྲེལ་གྲོས་མཐུན་ལ་མཚན་རྟགས་བཀོད་ཕྱིན། རྒྱ་ནག་དང་རྒྱ་གར་དབར་གྲོས་མོལ་གྱི་ཁོར་ཡུག་ཇེ་ཆུང་དང་ཕན་ཚུན་རྩོད་རྙོག་ཆེ་རུ་འགྲོ་བ་དང་བསྟུན། ཁྱད་པར་དུ་ཚོང་ལས་ནང་རྒྱ་གར་དང་ཨ་མི་རི་ཀ་ཕྱོགས་གཅིག་ཏུ་བཞེངས་ནས། རྒྱ་གར་གྱིས་ཨ་མི་རི་ཀའི་འདོད་དོན་སྐོང་སྲིད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

རྒྱ་གར་ནི་འཛམ་གླིང་གི་དྭངས་ལྕགས་རིགས་ཐོན་སྐྱེད་པ་ཆེ་ཤོས་ཨང་གཉིས་པ་ཡིན་པའི་མུར། རྒྱ་ནག་གི་ཕྱིར་ཚོང་གིས་འཛམ་གླིང་ཡོངས་ཀྱི་ཁྲོམ་རའི་དཔལ་འབྱོར་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་བཟོ་བཞིན་པར་ངོས་འཛིན་གནང་གི་ཡོད་ཅིང་། ཨ་མི་རི་ཀའི་སྲིད་འཛིན་ཊི་རམ་ཕུ་མཆོག་ནས་རྒྱལ་ཁབ་མང་པོ་ཞིག་ལ་སྒོ་ཁྲལ་བཀལ་བ་དང་། ལྷག་པར་རྒྱ་ནག་དང་ཨ་མི་རི་ཀའི་སྒོ་ཁྲལ་གྱི་ཚོང་དམག་སྐྱུར་མོ་དེ་འགོ་བཙུགས་པ་ནས་བཟུང་། རྒྱ་གར་གྱིས་རྒྱ་ནག་ལ་སྒོ་ཁྲལ་བརྒྱ་ཆ་༡༢སྤར་བ་ནི། རྒྱ་གར་གཞུང་གི་ཚོང་དོན་གྱི་སྲིད་ཇུས་ཐད་འགྱུར་བ་མངོན་གསལ་ཅན་བཏང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།།

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org