རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་ཡང་བསྐྱར་འགལ་ཟླ་བྱུང་འདུག

ཉེ་ཆར་ཡང་བསྐྱར་རྒྱ་གར་གྱི་ལ་དྭགས་མཐའ་མཚམས་སུ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་འགལ་ཟླ་བྱུང་འདུག

Nathu La་ས་མཚམས་ཀྱི་རྒྱ་གར་དང་རྒྱ་ནག་གི་དམག་མི། EyePress News / EyePress

ཉེ་ཆར་ཡང་བསྐྱར་རྒྱ་གར་གྱི་ལ་དྭགས་མཐའ་མཚམས་སུ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་འགལ་ཟླ་བྱུང་འདུག
དེ་ཡང་སྤྱི་ཚེས་༡༦་ཉིན་ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་སྲུང་དཔོན་རིགས་ཤིག་ནས་བརྗོད་པའི་སྐད་ཆ་ལུང་འདྲེན་བྱས་བའི་ནང་། སྤྱི་ཚེས་༡༥་ཉིན་རྒྱ་ནག་གི་མཐའ་སྲུང་དམག་མིས་ལ་དྭགས་ཀྱི་དཔལ་མགོན་མཚོའི་ཉེ་འགྲམ་གྱི་རྒྱ་གར་མཐའ་སྲུང་དམག་མིའི་ཐོག་རྡོ་གཞུས་ཡོད་པ་མ་ཟད། རྒྱ་ནག་གི་དམག་མིས་ཐེངས་ཁ་ཤས་ལ་རྒྱ་གར་མངའ་ཁོངས་ནང་འཛུལ་ཞུགས་བྱེད་རྩིས་བྱས་བ་རྒྱ་གར་གྱི་དམག་མིས་ཕྱིར་ཕུད་འདེད་བྱས་ཡོད་པ་དང་། ཡང་གོང་བརྗོད་དཔོན་རིགས་དེས་བརྗོད་ན། དེ་དོན་དག་ཅུང་ཆུང་ཆུང་རེད། རྒྱ་ནག་དམག་མིས་རྡོ་གཞུས་ཡོད་ཀྱང་གནས་སྟངས་མྱུར་དུ་ཚོད་འཛིན་བྱས་ཡོད་ཟེར། ཡང་ཁོང་གིས་ད་ལྟ་ཕྱོགས་གཉིས་ཀྱི་དམག་མི་ཕྱིར་སོ་སོའི་ས་ཁོངས་ལ་ཕྱིར་འཐེན་གྱིས་དུས་ཐུང་གི་འགལ་ཟླ་ཐག་གཅོད་བྱས་ཡོད་པ་བརྗོད་འདུག
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲོང་ཡུན་ནས་བརྗོད་ན། ཉེ་ཆར་གྱི་གནས་སྟངས་དེ་འདྲ་ཤེས་རྟོགས་མེད་ཚུལ་དང་། རྒྱ་ནག་གི་མཐའ་སྲུང་དམག་མིས་རྒྱ་གར་ནག་གཉིས་ཀྱི་མཐའ་མཚམས་སྲུང་སྐྱོབ་ཆེད་རྒྱ་ནག་གི་སྟངས་འཛིན་གྱི་ས་ཐིག་ཐོག་སྐོར་གཡེང་བྱེད་བཞིན་ཡོད་ཚུལ་ནན་བརྗོད་བྱས་འདུག
དེ་མིན་རྒྱ་གར་གྱི་གསར་འགྱུར་ནང་བརྗོད་ན། རྒྱ་དཀར་ནག་གཉིས་བར་ལོ་རེའི་སྤྱི་ཟླ་བརྒྱད་པའི་ཚེས་༡༥ཉིན་ཏེ་རྒྱ་གར་རང་བཙན་གྱི་ཉིན་མོར་འཆར་ཅན་གྱི་ཡུལ་གཉིས་བར་མཐའ་མཚམས་ཀྱི་གནད་དོན་ཐད་གླེང་མོལ་ཚོགས་འདུ་ཞིག་ཚོགས་སྲོལ་ཡོད་ནའང་། ད་ལོ་ཡུལ་གཉིས་བར་གྱི་མཐའ་མཚམས་ཀྱི་ཚོགས་འདུ་དེར་རྒྱ་ནག་ཞུགས་མེད་ལ། དེ་ནི་སྤྱི་ལོ་༢༠༠༥་ལོ་ནས་བཟུང་གནས་ཚུལ་འདི་ལྟ་བུ་བྱུང་བ་ཐོག་མ་དེ་རེད་ཟེར།

གསར་འགོད་པ་ལྕགས་མོ་མཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org