ས་མཚམས་དང་འབྲེལ་བའི་རྒྱ་གར་གྱིས་གྲོས་མགོ་ག་རེ་བཏོན་ནའང་། དེ་ལ་རྒྱ་ནག་གིས་ངོས་ལེན་མི་བྱེད་པར་རྙོག་དྲ་བསླང་བསྡད་ཡོད་ཅེས། རྒྱ་གར་གྱི་ཆེད་མཁས་པ་ཚོས་བརྗོད་བྱུང་།
འདས་པའི་གྲོས་མོལ་རིམ་པའི་ནང་ཕན་ཚུན་མུ་མཐུད་འབྲེལ་བ་མཐུད་བསྡད་པ་ཙམ་ལས། རྩ་བ་ནས་གདོང་ཐུག་མི་འབྱུང་ཐབས་ཀྱི་འཆར་གཞི་དང་ས་ཐིག་ཅི་ཡང་འདེབས་ཐུབ་མེད་པ་ནི་རྒྱ་ནག་ལ་འདོད་པ་མེད་པར་ཐུག་ཡོད།
- 2024-02-23
-
-
-
རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་སུ་འཁོད་པ་ལྟར་ན། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་སྤྱི་ཟླ་ ༢ པའི་ཚེས་ ༡༩ ཉིན། རྒྱ་གར་དང་རྒྱ་ནག་གི་དམག་དཔོན་མཐོ་ཤོས་རིམ་པ་གཉིས་པའི་གོ་གནས་འཛིན་པའི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་ཐེངས་ ༢༡ པ་དེ། རྒྱ་གར་དང་བོད་ཀྱི་ས་མཚམས་ལ་དྭགས་ཆུ་ཤུལ་ས་གནས་སུ་བསྐོང་འཚོགས་གནང་སྟེ། ལ་དྭགས་ཤར་རྒྱུད་དུ་ད་ཡོད་ས་མཚམས་ཁག་ནང་ཕན་ཚུན་རྦད་དེ་གདོང་ཐུག་མི་འབྱུང་ཐབས་གནང་རྒྱུ་ནི། རྒྱལ་ཁབ་གཉིས་ཀའི་རྒྱལ་མཚམས་སུ་ཞི་བདེ་ལྷིང་འཇགས་བསྐྱར་གསོ་ཡོང་བའི་གཞི་རྩ་གལ་ཆེ་ཤོས་ཆགས་ཡོད་པར་ངོས་འཛིན་དང་འབྲེལ། ཕྱོགས་གཉི་གས་འཆམ་མཐུན་གྱི་སྒོ་ནས་བསམ་ཚུལ་བརྗེ་རེས་གནང་ཡོད་པ་དང་། རྒྱ་གར་ནག་གཉིས་ཀས་དགོས་གལ་ཅན་གྱི་དམག་དོན་དང་ཕྱི་འབྲེལ་གྱི་འབྲེལ་ལམ་རྒྱུན་མཐུད་ཉར་རྒྱུར་མོས་མཐུན་བྱུང་བ་མ་ཟད། རྒྱལ་མཚམས་ས་ཁུལ་དུ་ཞི་བདེ་དང་ལྷིང་འཇགས་ཡོང་བར་ཕྱོགས་གཉི་གས་ཆོད་སེམས་བསྟན་ཡོད་པ་འཁོད་ཡོད་ནའང་། རྒྱ་གར་གྱི་དམག་དཔོན་ཟུར་པ་ Major Amit Bansal ལགས་ནས། འདས་པའི་གྲོས་མོལ་རིམ་པའི་ནང་ཕན་ཚུན་མུ་མཐུད་འབྲེལ་བ་མཐུད་བསྡད་པ་ཙམ་ལས། རྩ་བ་ནས་གདོང་ཐུག་མི་འབྱུང་ཐབས་ཀྱི་འཆར་གཞི་དང་ས་ཐིག་ཅི་ཡང་འདེབས་ཐུབ་མེད་པ་ནི་རྒྱ་ནག་ལ་འདོད་པ་མེད་པར་ཐུག་ཡོད། ད་བར་རྒྱ་གར་གྱིས་ས་ཐིག་གཏན་ཁེལ་དང་གདོང་ཐུག་མི་འབྱུང་བ་སོགས་ཀྱི་གྲོས་མགོ་ག་རེ་བཏོན་ན་རྒྱ་ནག་གིས་ངོས་ལེན་ནམ་ཡང་མི་བྱེད་པ་དང་རྙོག་དྲ་བཟོས་བསྡད་ཡོད་ཅིང་། གལ་ཆེ་ཤོས་ནི་རྒྱ་ནག་གིས་རྒྱ་གར་ལ་བསྐོར་ཞིབ་ས་ཚིགས་གནད་འགག་ཚང་མར་འགྲོ་འོང་བྱེད་བཅུག་པ་དང་། གཉིས་ནས་གདོང་ཐུག་མི་འབྱུང་བའི་ས་ཐིག་གསལ་བོ་འདེབས་དགོས་པ། གསུམ་ནས་ཕྱོགས་གཉི་གས་བསྐྱར་དུ་རྒྱལ་མཚམས་ཀྱི་ས་རྟགས་གསལ་བོ་བརྒྱབས་ཏེ་ཆིངས་ཡིག་མ་བཞག་བར། ས་མཚམས་རྩོད་རྙོག་སེལ་ཐབས་ཀྱི་གྲོས་མོལ་ལ་ཡར་རྒྱས་འབྱུང་མི་ཐུབ་པར་ངོས་འཛིན་གནང་གི་འདུག
དེའི་ཐད་དེ་སྔོན་༡༩༩༩ལོར་ཀར་གྱིལ་(Kargil War)་དམག་འཁྲུག་སྐབས་རྒྱ་གར་གྱི་དམག་སྤྱི་(General Ved Prakash Malik)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ལམ་བརྒྱུད་ལན་འདེབས་གནང་བའི་ནང་། རྒྱ་གར་དང་རྒྱ་ནག་གཉིས་བར་མུ་མཐུད་དུ་ཡར་རྒྱས་དང་གྲུབ་འབྲས་ཡོད་པའི་སྒོ་ནས་ཕྱི་འབྲེལ་དང་དམག་དོན་གྱི་ཐད་ནས་གྲོས་མོལ་བྱེད་དགོས་ངེས་རེད། ཡིན་ན་ཡང་ད་བར་ས་མཚམས་ཀྱི་དམག་དོན་ཐད་གྲོས་མོལ་ཐེངས་༢༡བྱས་ཡོད་ཀྱང་ཕྱོགས་གང་ས་ནས་འཕེལ་རིམ་དལ་བ་དང་ཕྱོགས་གཉིས་ཀྱི་འགལ་བ་སེལ་མ་ཐུབ་པར་བསྡད་ཡོད་པ་གསལ་བོ་རེད། རྒྱ་ནག་གི་བཅིངས་གྲོལ་དམག་གིས་དེ་སྔ་༢༠༢༠་ལོའི་ཟླ་བཞི་བའི་ནང་(Depsang)་དང་(Charding Nullah)་ཁུལ་དུ་བཙུགས་པའི་དམག་གི་སྒར་ས་ཁག་ནས་ད་བར་ཕྱིར་འཐེན་བྱས་མེད་པས། རྒྱ་གར་གྱི་དྲག་པོའི་མཐའ་སྲུང་དམག་གིས་རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་ལ་མུ་མཐུད་དུ་ངེས་བར་དུ་དྭོགས་ཟོན་དང་གདོང་ལེན་བྱེད་བྱེད་དགོས་ངེས་ཡིན་ལ། གྲོས་མོལ་དང་འགོག་རྒོལ་གྱི་སྲིད་ཇུས་མུ་མཐུད་དུ་འགྲོ་དགོས་ཞེས་བཀོད་འདུག
ཡང་རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་ Aadil Brar ལགས་ནས་ཀྱང་། རྒྱ་གར་དང་རྒྱ་ནག་དབར་ད་ལན་གྲོས་མོལ་གནང་བ་དེར་འགྱུར་བ་མངོན་གསལ་དོད་པོ་ཅི་ཡང་མེད་པ་འགྲེལ་བརྗོད་གནང་དོན། རྒྱ་གར་དང་རྒྱ་ནག་གི་དམག་སྤྱི་རིམ་པ་གཉིས་པའི་བར་གྱི་གྲོས་མོལ་ཐེངས་ ༢༡ པ་དེར་འགྱུར་ལྡོག་མངོན་གསལ་དོད་པོ་མེད་པར། ཕྱོགས་གཉིས་ཀས་ལ་དྭགས་ཤར་ཕྱོགས་ཀྱི་དམག་དཔུང་ངང་འཐེན་བྱས་བསྡད་པ་ཙམ་དང་། ཕན་ཚུན་གདོང་ཐུག་དང་རྙོག་དྲ་མི་འབྱུང་བའི་གྲོས་བསྡུར་ཙམ་འགྲོ་བསྡད་ཡོད་ཅིང་། ཕྱོགས་གཉིས་ཀའི་གསལ་བསྒྲགས་ཀྱི་ནང་ལ་དྭགས་ཤར་ཕྱོགས་ཀྱི་ས་མཚམས་གནས་སྟངས་ཐད་འགྱུར་བ་ཆེན་པོ་འགྲོ་བའི་མངོན་རྟགས་གང་ཡང་མེད་ནའང་། གསར་འགྱུར་ཁ་ཤས་ནང་རྒྱ་གར་ནག་གཉིས་ཀས་དགུན་དུས་རྫོགས་ཏེ་དབྱར་མགོ་སླེབས་ཁ་དེར། མཐའ་སྲུང་དམག་མི་དཔུང་སྣོན་རྒྱ་ཆེ་མི་བྱེད་པའི་མོས་མཐུན་བྱས་ཡོད་ལུགས་འཁོད་ཡོད་རུང་། གནས་ཚུལ་དེ་ཁུངས་ཐུབ་ཡིན་མིན་གསལ་བོ་མི་འདུག་པས། གཞུང་འབྲེལ་གྱི་ཡིག་ཆ་གཞིར་བཟུང་ན་གྲོས་མོལ་དེ་ལ་འགྱུར་བ་མངོན་གསལ་ཅན་གང་ཡང་མི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
སྤྱི་ལོ་ ༢༠༢༠ ལོར་རྒྱ་གར་གྱི་ལ་དྭགས་གྷལ་ཝན་ལུང་གཤོངས་དུ། རྒྱ་གར་ནག་གི་དམག་དཔུང་གདོང་ཐུག་དྲག་པོ་བྱུང་ཡོད་པར་བརྟེན། རྒྱ་གར་ནང་རྒྱ་ནག་གི་བཟོ་གྲྭ་ཁག་ཅིག་ལ་གན་རྒྱ་མཚམས་འཇོག་གནང་བ་དང་། རྒྱ་གར་གྱི་ཁྲོམ་རར་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་བཀག་སྡོམ་བྱེད་པ། རྒྱ་ནག་གིས་བཟོས་པའི་ཁ་པར་ནང་གི་འཕྲུལ་རིག་མ་ལག་ ༢༠༠ ལྷག་བཀག་སྡོམ་གནང་ལམ་སོགས་བྱུང་ཡོད་པ་མ་ཟད། ཉེ་ཆར་ཡང་སྤྱི་ཟླ་ ༡ ཚེས་ ༢ ཉིན་རྒྱ་གར་གྱི་ས་ཁོངས་ལ་དྭགས་སུ་ལུག་རྫི་ཁག་ཅིག་དང་རྒྱ་ནག་མཐའ་སྲུང་དམག་གི་བར་ས་རྩོད་ཀྱི་རྙོག་ཟིང་བྱུང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།