རྒྱ་དཀར་ནག་དབར་རྒྱལ་སྲུང་གནད་དོན་ཐོག་བཀའ་བསྡུར།
རྒྱ་དཀར་ནག་གཉིས་ཀྱི་སྲུང་སྐྱོབ་དྲུང་ཆེ་རིམ་པའི་དཔོན་རིགས་བར་རྒྱལ་སྲུང་གི་གནད་དོན་ཐོག་ལ་བཀའ་བསྡུར་གནང་རྒྱུའི་འཆར་གཞི་ཡོད་པ།
-
2010-01-03 -
-
-
༄༅༎རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་སྲུང་སྐྱོབ་དྲུང་ཆེ་རིམ་པའི་དཔོན་རིགས་བར་རྒྱལ་སྲུང་གི་གནད་དོན་ཐོག་ལ་བཀའ་བསྡུར་གནང་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་སྲུང་སྐྱོབ་དྲུང་ཆེ་སྐུ་ཞབས་པར་རྡིབ་ཀུ་མའར་མཆོག་ཟླ་བ་འདིའི་ཕྱི་ཚེས་དྲུག་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚམས་འདྲིར་ཕེབས་འབྱོར་གནང་གི་ཡོད་པ་དང། ཁོང་གི་ལྷན་དུ་རྒྱ་གར་གྱི་དམག་དོན་དཔོན་རིགས་ཀྱི་སྐུ་ཚབ་ཀྱང་འཚམས་འདྲིར་ཕེབས་ཀྱི་ཡོད་ཅིང། ད་རེས་རྒྱ་གར་གྱི་སྲུང་སྐྱོབ་དྲུང་ཆེ་རྒྱ་ནག་དུ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དེ་ནི། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་ཡུལ་གྲུ་གཉིས་བར་གྱི་དམག་རྩལ་སྦྱོང་བརྡར་གྱི་ལས་དོན་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དང་ལྷག་པར་དུ་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་གནས་སྟངས་ཛ་དྲག་དེ་ཞི་འཇམ་ཡོང་ཐབས་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།
རྒྱ་ནག་དང་རྒྱ་གར་ཡུལ་གྲུ་གཉིས་བར་ལ་སྲུང་སྐྱོབ་དྲུང་ཆེ་རིམ་པའི་དཔོན་རིགས་ཕྱོགས་ཕན་ཚུན་འཚམས་འདྲིར་ཆེད་གཏོང་གིས་བཀའ་མོལ་གནང་རྒྱུའི་ཐད་མོས་མཐུན་བྱུང་སྟེ་ལོ་ངོ་གསུམ་ཙམ་འགྲོ་གི་ཡོད་ཅིང། ཡིན་ནའང་ད་བར་རྒྱ་ནག་ཕྱོགས་ནས་རྒྱ་གར་དུ་སྲུང་སྐྱོབ་ཀྱི་གནད་དོན་ཐོག་གྲོས་མོལ་གནང་བར་སྲུང་སྐྱོབ་དཔོན་རིགས་དམའ་རིམ་ནས་ཆེད་གཏོང་བྱས་ཏེ་རྒྱ་གར་གྱི་སྲུང་སྐྱོབ་དྲུང་ཆེའི་འོག་གི་གོ་གནས་དང་མཉམ་པ་ཤ་སྟག་བཏང་སྟེ་ད་ལྟ་བར་དངོས་སུ་སྲུང་སྐྱོབ་དྲུང་ཆེའི་གོ་གནས་ཡོད་པ་འཚམས་འདྲིར་ཆེད་གཏོང་བྱེད་མྱོང་མེད་པ་དང། དཔེར་ན། ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བཅིུས་པའི་ནང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དམག་སྤྱི་གཞོན་པ་མ་ཤའོ་ཐན་རྒྱ་གར་དུ་འཚམས་འདྲིར་ཆེད་གཏོང་བྱས་པ་དང། རྒྱ་གར་ཕྱོགས་ནས་དེ་དང་གོ་གནས་མཉམ་པའི་རྒྱ་གར་གྱི་བཀོད་བསྡོམས་དམག་སྤྱི་ལྦི་ཀེ་སིང་མཆོག་རྒྱ་ནག་ཏུ་ཕར་འཚམས་འདྲིར་ཕེབས་པ་མ་ཟད། བོད་ཀྱི་ནང་དུའང་འཚམས་འདྲིར་ཕེབས་པར་བརྟེན་ནས་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་བོད་ས་ཁུལ་ནང་གི་རྒྱ་ནག་གི་དམག་དཔོན་ཧྲུ་ཡུ་ཐའེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚམས་འདྲིར་བསྐྱོད་དེ་རྒྱ་གར་གྱི་སྲུང་སྐྱོབ་དྲུང་ཆེ་པར་རྡིབ་ཀུ་མའར་མཆོག་དང་མཇལ་འཕྲད་གནང་བའི་གནས་ཚུལ་བྱུང་ཡོད་ཀྱང། ད་རེས་རྒྱ་གར་གྱི་སྲུང་སྐྱོབ་དྲུང་ཆེ་པར་རྡིབ་ཀུ་མའར་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དེ་ནི། རྒྱ་ནག་གི་ལྷན་དུ་སྲུང་སྐྱོབ་ཐོག་ལ་བཀའ་མོལ་གནང་བར་རྒྱ་གར་གྱི་སྲུང་སྐྱོབ་དྲུང་ཆེའི་གོ་གནས་ཡོད་པའི་དཔོན་རིགས་འཚམས་འདྲིར་བསྐྱོད་པ་ཐོག་མ་དེ་ཡིན་པ་རེད།