ཨ་རིའི་མི་སེར་རྣམས་བོད་ནང་རང་དབང་ངང་འགྲོ་ཆོག་དགོས།
ཨ་རིའི་མི་སེར་བོད་ནང་ཕེབས་ཆོག་དགོས་པའི་གྲོས་འཆར་བཏོན་གནང་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་དགའ་བསུ་ཞུས་ཡོད་འདུག
-
2015-03-02 -
-
-
ཨ་རིའི་མི་སེར་བོད་ནང་ཕེབས་ཆོག་དགོས་པའི་གྲོས་འཆར་བཏོན་གནང་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་དགའ་བསུ་ཞུས་ཡོད་འདུག
དེ་ཡང་སྤྱི་ཟླ་༢ཚེས་༢༦ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་McGovernམཆོག་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་Joseph Pittsརྣམ་གཉིས་ནས་གྲོས་འཆར་ཨང་H.R. 1112ཅན་ཞིག་བཏོན་གནང་ཡོད་པ་དེའི་ནང་། ཨ་རིའི་མི་སེར་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་དབྱེ་འབྱེད་དང་། དམ་དྲག་གང་ཡང་མེད་པའི་ཐོག་ནས་འགྲོ་ཆོག་པའི་གོ་སྐབས་མ་སྤྲད་པ་ཡིན་ན། དེར་གཞིགས་པས་རྒྱ་མིའི་དཔོན་རིགས་བོད་མིར་བལྟ་ཞིབ་བྱེད་མཁན་འབྲེལ་ཡོད་ལས་བྱེད་རྣམས་ཀྱང་ཨ་རིའི་ནང་འཛུལ་ཞུགས་ཆོག་པའི་ཆོག་ཆན་སྤྲོད་རྒྱུ་མིན་ལུགས་བཀོད་ཡོད་འདུག
གྲོས་འཆར་འདི་ལྟབུ་སྔ་ལོའི་ནང་དུའང་། གོང་ཞུས་གྲོས་ཚོགས་འཐུས་མི་སྐུ་ཞབས་McGovernམཆོག་ནས་བཏོན་གནང་ཡོད་པ་མ་ཟད། ཁོང་གིས་སྐབས་དེར་གསར་འགོད་གསལ་བསྒྲགས་ཞིག་ཀྱང་སྤེལ་བའི་ནང་། རྒྱ་ནག་གཞུང་ནས་བོད་ནང་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་སྲིད་བྱུས་དེས་བོད་ནང་གི་བོད་མི་ཚོར་འཛམ་གླིང་གི་སྤྱི་ཚོགས་དང་ལོགས་སུ་ཁེར་རྐྱང་ལུས་པ་ལྟབུ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་འདྲ་ཡོད་མེད་ཤེས་རྟོག་ཐུབ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོས་གྲོས་འཆར་འདི་ལྟབུ་བཏོན་དགོས་པའི་དམིགས་ཡུལ་ནི། ཨ་རི་བ་ཚོ་བོད་ནང་གི་ཁོར་ཡུག་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་། བོད་མིའི་ཆོས་དང་རིག་གཞུང་ཕྱུག་པོ་དེ་དག་མྱོང་འཚོར་བྱེད་རྒྱུའི་གོ་སྐབས་མེད་པ་ཆགས་ཀྱི་ཡོད་པ་དེ་བཞིན་དམ་དྲག་མེད་པའི་ཐོག་ནས་འགྲུལ་ཞུད་བྱེད་རྒྱུའི་ཆ་རྐྱེན་བསྐྲུན་དགོས་པ་ཞིག་བཟོ་དགོས་པའི་དགོས་འདུན་བཏོན་པ་ཞིག་རེད་ཅེས་གསལ་བཤད་གནང་ཡོད་པ་རེད།
ད་རེས་སླར་ཡང་ཨ་རིའི་གྲོས་ཚོགས་ནང་གྲོས་འཆར་བཏོན་གནང་བ་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་དགའ་བསུ་ཞུས་པ་དང་སྦྲགས་དེས་རྒྱ་ནག་གཞུང་ནས་ལོ་མང་རིང་བོད་ནང་རང་དབང་གི་ཐོག་ནས་རྟོག་ཞིབ་བྱེད་མཁན་གསར་འགོད་པ་དང་། གཞུང་འབྲེལ་མི་སྣ་ཕེབས་རྒྱུར་འགོག་རྐྱེན་དང་གལ་སྲིད་ཕེབས་བཅུག་པ་ཡིན་ནའང་དམ་དྲག་ཆེན་པོའི་ཐོག་ནས་ཕེབས་དགོས་ཀྱི་ཡོད་པ་དེ་དག་ལས་སླ་རུ་འགྲོ་རྒྱུའི་རེ་བ་ཡོད་ལུགས་གསུངས་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།