རྒྱ་གཞུང་ལ་བོད་ཀྱི་དཀའ་ངལ་སེལ་ཐབས་བྱེད་དགོས་ཟེར།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཞིབ་འཇུག་བྱས་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱ་དགོས་པའི་ཛ་དྲག་གི་སྐུལ་མ་གནང་འདུག
-
2012-11-30 -
-
-
༄༅། །ཨ་རིའི་ནིའུ་ཡོརྐ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དེ་རིང་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་། ཕྱི་༢༠༡༢ཟླ་༡༡ཚེས་༢༦ནས་ད་བར་ཉིན་གྲངས་ཁ ཤས་ནང་ བོད་མི་བདུན་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། དོན་རྐྱེན་དེའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཕམ་ཉེས་བྱུང་བ་ཞིག་ཡིན་པ་མཚོན་ཐུབ་རྒྱུ་ཡིན་པའི་སྐོར་འཁོད་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དེ་རིང་འགྲེམས་སྤེལ་གནང་བའི་སྙན་ཐོ་དེའི་ནང་ཕྱི་ལོ་༢༠༠༩ནས་ད་བར་བོད་མི་༨༩ཡིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་ད་ལོ་ཕྱི་ཟླ་བཅུ་པའི་ཟླ་མཇུག་ཏུ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཚོ་ནི། ངེས་མེད་ཤ་ཏག་ཡིན་ལུགས་བརྗོད་ཡོད་ཀྱང་། དོན་དངོས་ཐོག རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏང་སའི་ཁུལ་གྱི་བོད་མིའི་སྤྱི་ཚོགས་དང་། བོད་མི་སྒེར་སོ་སོར་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། རང་ལུས་མེར་སྲེག་གཏོང་མཁན་ཚོའི་ནང་མི་སྤུན་མཆེད་ཚོར་རྡུང་འདེགས་དང་འཇིགས་སྐུལ་བྱེད་ཡས་ དེ་བཞིན་རང་ལུས་མེར་བསྲེག་གཏང་སའི་ཁུལ་དུ་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་བྱས་ཏེ། ས་གནས་དེ་ཚོའི་ནང་ཕྱིའི་མི་འགྲོ་བསྐྱོད་བྱ་རྒྱུར་དམ་བསྒྲགས་བཀག་སྡོམ་བྱེད་ཡས་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དེས། བོད་ནང་གི་གནས་སྟངས་དེ་བས་ཛ་དྲག་ཏུ་གཏོང་གི་ཡོད་པ་སོགས་འཁོད་ཡོད་པས་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤེལ་བའི་སྙན་ཐོ་དེའི་ནང་ད་དུང་འཛམ་གླིང་ཡུལ་གྲུ་ཁག་གི་ཐུན་མོང་ཐོག་ནས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ ཐང་གནས སྟངས་ཐོག་ཞིབ་འཇུག་བྱས་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་རྒྱུའི་སྐུལ་མ་ཡང་གནང་འདུག།