ཨ་མདོ་འབྲུག་ཆུ་ཁུལ་དུ་ས་རུད་བྱུང་རྐྱེན་ཉམས་ཞིབ།
སྔ་ལོ་བོད་ཀྱི་ཨ་མདོ་འབྲུག་ཆུ་ས་ཁུལ་དུ་ས་རུད་ཀྱི་དོན་རྐྱེན་དེ་ས་ཁུལ་དེའི་གཏེར་ཁ་གང་བྱུང་ཤུགས་ཆེ་བསྔོག་འདོན་བྱས་པ་ནས་ཡིན་སྐོར།
-
2011-01-24 -
-
-
༄༅༎སྔ་ལོ་བོད་ཀྱི་ཨ་མདོ་འབྲུག་ཆུ་ས་ཁུལ་དུ་ས་རུད་ཀྱི་རྐྱེན་གྱིས་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་དོན་རྐྱེན་དེ་ས་ཁུལ་དེའི་གཏེར་ཁ་གང་བྱུང་ཤུགས་ཆེ་བསྔོག་འདོན་བྱས་པ་ནས་ཡིན་སྐོར་རྒྱ་ནག་གི་ཉམས་ཞིབ་པ་ཞིག་གིས་ཉམས་ཞིབ་སྙན་ཐོའི་ནང་བཀོད་ཡོད་པ་རེད་ གོང་ཞུས་ཀྱི་ཆག་སྒོ་དེར་མི་གྲངས་༡༢༣༩ཡི་ཚེ་སྲོག་ཤོར་ཡོད་པ་དང་མི་གྲངས་༥༠༥ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ ཉམས་ཞིབ་སྙན་ཐོ་དེ་བྲིས་གནང་མཁན་སྐུ་ཞབས་ཅིའང་ཀའོ་མིང་ཡིས་འབྲུག་ཆུ་ཁུལ་གྱི་གོད་ཆག་དེའི་དོན་རྐྱེན་གཙོ་བོ་གསུམ་ནས་བྱུང་ཡོད་སྐོར་གསུང་ཞིང་ དེ་ཡང་ཁོང་གིས་དོན་རྐྱེན་དེ་དག་ནི་ས་ཁུལ་དུ་ཤིང་ནགས་གང་བྱུང་གཅོད་འབྲེག་དང་ཆུ་རག་མང་དག་རྒྱབ་པ་དང་འབྲུག་ཆུ་ཁུལ་དུ་རྒྱུགས་པའི་རྒྱུགས་ཆུའི་ཉེ་འཁྲིས་སུ་མི་མང་གི་སྡོད་ཁང་མང་དག་རྒྱབ་པ་བཅས་ཀྱིས་ས་ཁུལ་གྱི་རི་ཁག་སྟོང་པར་གྱུར་ནས་རིའི་སྟེང་ཆར་ཆུ་སིམ་མ་ཐུབ་པ་ནས་ཡིན་པའི་རྒྱུ་མཚན་དྲངས་ཡོད་པ་རེད་ ཉམས་ཞིབ་པ་སྐུ་ཞབས་ཅང་ཡིས་བྲིས་གནང་བའི་སྙན་ཐོ་དེའི་ནང་གོང་ཞུས་ཀྱི་དོན་རྐྱེན་དེ་དག་ནས་བྱུང་བའི་ཁུངས་སྐྱེལ་དུ་དེ་སྔོན་ས་ཁུལ་དེར་ནགས་ཚལ་ཤིང་ནགས་ག་ཚོད་ཡོད་མེད་དང་དེའི་རྗེས་ཀྱི་ལོ་ངོ་བཅུ་ཕྲག་མང་པོའི་རྗེས་དེ་དག་གཅོད་འབྲེག་ག་འདྲ་བྱས་པའི་བསྡོམས་ཐོའི་ཐོག་ཁུངས་སྐྱེལ་བྱས་ཡོད་པ་རེད་ དེ་བཞིན་ཁོང་གིས་ས་ཁུལ་གྱི་བའེ་ལོང་རྒྱུགས་ཆུའི་སྟེང་ཆུ་རག་སྟོང་ཕྲག་མང་པོ་རྒྱབ་པ་དེས་ས་ཁུལ་གྱི་ས་གཞི་བརྟན་པོ་མེད་པ་ཆགས་རྒྱུར་ས་རུད་ཀྱི་ཉེན་ཁག་བཟོས་ཡོད་སྐོར་གསུང་འདུག ཡང་ཁོང་གིས་སྔ་ལོ་འབྲུག་ཆུ་ས་ཁུལ་གྱི་ཆག་སྒོའི་དོན་རྐྱེན་གསུམ་པ་དེ་ས་ཁུལ་དུ་རྒྱུགས་པའི་བའེ་ལོང་རྒྱུགས་ཆུའི་ཉེ་འགྲམ་དུ་གྲོང་ཁྱེར་འཛུགས་བསྐྲུན་ཐོག་འཆར་གཞི་དང་ལྡན་པ་ཞིག་མེད་པའི་ཐོག་མི་མང་གི་སྡོད་ཁང་གང་བྱུང་གསར་རྒྱག་བྱས་པ་ནས་རྐྱེན་ངན་དེ་དག་བྱུང་བ་ཡིན་སྐོར་གནས་ཚུལ་གསལ་བཀོད་གནང་ཡོད་པའི་གནས་ཚུལ་ཐོན་བཞག།