རྒྱ་ནག་གི་སྲིད་འཛིན་ཧུའུ་ནས་མཱ་དབྱིང་ཅུའུ་ལ་འཚམས་འདྲི།

ཧུའུ་ཅིན་ཐའོ་ཡིས་ཐེ་དབན་གྱི་སྲིད་འཛིན་མཱ་དབྱིན་ཅུའུ་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུས་འདུག

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཐེ་དབན་གྱི་སྲིད་འཛིན་མཱ་དབྱིན་ཅུའུ་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་གནང་ཡོད་པ་རེད།

ད་རེས་གཟའ་ཉི་མའི་ཉིན་ཐེ་དབན་གྱི་སྲིད་འཛིན་མཱ་དབྱིན་ཅུའུ་ཐེ་དབན་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བའི་རྗེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཐེ་དབན་གྱི་སྲིད་འཛིན་མཱ་དབྱིན་ཅུའུ་གོ་མིན་ཏང་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བར་ཞལ་པར་ཐོག་ནས་འཚམས་འདྲི་ཞུས་པའི་སྐོར་ཐེ་དབན་གྱི་གཞུང་འབྲེལ་དཔོན་རིགས་ནས་འགྲེལ་བརྗོད་གནང་འདུག

ད་རེས་རྒྱ་ནག་གི་སྲིད་འཛིན་ནས་ཞལ་པར་བརྒྱུད་ཐེ་དབན་གྱི་སྲིད་འཛིན་ལ་འབྲེལ་གཏུགས་གནང་བ་དེ་ནི་རྒྱ་ནག་དང་ཐེ་དབན་གྱི་ཆེས་མཐོའི་དཔོན་རིགས་དབར་ཐད་ཀར་འབྲེལ་བ་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་ཐེ་དབན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཟུར་པ་ལྦུའུ་བོའོ་ཞུང་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཐེ་དབན་གྱི་སྲིད་འཛིན་མཱ་དབྱིན་ཅུའུ་དབར་འཚམས་འདྲིའི་བཀའ་མོལ་ཁྱུག་ཙམ་གནང་བའི་ནང་དོན་དགོང་དྲོ་ཕྱིར་བསྒྲགས་གནང་ཡོད་ཅིང་དེའི་ནང་ཚོགས་པ་གཉིས་དབར་མུ་མཐུད་ནས་འབྲེལ་ལམ་ཟབ་ཏུ་བཏང་ཏེ་ཐེ་དབན་མཚོ་གླིང་ཞི་བདེ་བརྟན་ལྷིང་ཡོང་ཐབས་སུ་ཕྱོགས་གཉིས་ཀས་ཡིད་ཆེས་དང་བཟང་ཕྱོགས་ཀྱི་རྣམ་པའི་ཐོག་ནས་འབྲེལ་ལམ་འཕེལ་རྒྱས་གཏོང་རྒྱུ་སོགས་འཁོད་ཡོད་པ་གསུངས་བཞག ཐེ་དབན་གྱི་སྲིད་འཛིན་མཱ་དབྱིན་ཅུའུ་ཡིས་སྲིད་འཛིན་གྱི་ཐུགས་འགན་མ་བཞེས་སྔོན་ཕྱི་ལོ་ཉིས་སྟོང་ལྔ་ནས་ཉིས་སྟོང་བདུན་ལོའི་བར་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་གནང་ཡོད་པ་དང་ཡིན་ནའི་དེའི་སྐབས་ཁོང་ཐའེ་བེད་གྲོང་ཁྱེར་གྱི་སྤྱི་ཁྱབ་ཐུགས་འགན་བཞེས་ཀྱི་ཡོད་པར་བརྟེན་ནས་གོ་མིན་ཏང་ཚོགས་པ་དང་ཐའེ་བེད་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འགོས་འགྲེམས་གནས་ཚུལ་ཡོད་ལུགས་ཀྱི་དོགས་གཞིའི་འོག་ཁྲིམས་གཏུགས་བྱུ་ནས་གོ་མིན་ཏང་ཚོགས་པའི་ཚོགས་གཙོའི་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་དང་རྗེས་སུ་སྲིད་འཛིན་གྱི་ཐུགས་འགན་མ་བཞེས་སྔོན་དཔལ་འབྱོར་འགོས་འགྲེམས་ཐོག་ཁྲིམས་འགལ་གྱི་ཉེས་པ་མེད་པའི་ཁྲིམས་ཐོག་ཐག་གཅོད་བྱུང་ཡོད་པ་རེད། ཐེ་དབན་གྱི་སྲིད་དབང་གོ་མིན་ཏང་ཚོགས་པས་འཛིན་པའི་རྗེས་རྒྱ་ནག་དང་ཐེ་དབན་དབར་དཔལ་འབྱོར་དང་ཚོང་དོན།འགྲོ་འོང་སོགས་ཀྱི་འབྲེལ་ལམ་བཟང་དུ་ཕྱིན་ནས་དེའི་སྐབས་ཀྱི་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ལྦུའུ་བོའོ་ཞུང་ན་ནིང་རྒྱ་ནག་ཏུ་ཕེབས་ནས་གུང་ཁྲན་ཚོགས་པའི་ཚོགས་གཙོ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཏའོ་དང་མཇལ་འཕྲད་གནང་ཡོད་པ་དང་དེ་ནི་འདས་པའི་ལོ་ངོ་༤༩ནང་ཚོགས་པ་གཉིས་ཀྱི་དཔོན་རིགས་དབར་ཐུགས་ཕྲད་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org