ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་གསུམ་ལ་ཁྲིམས་ཐག་བཅད་འདུག

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་གསུམ་ལ་དུས་ཡུན་ཟླ་བ་བདུན་ནས་བཅུ་གསུམ་བར་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་འདུག

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་གསུམ་ཁྲིམས་ཁང་དུ་ཁྲིད་སྐབས། ༡༢།༣།༢༠ REUTERS

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་གསུམ་ལ་དུས་ཡུན་ཟླ་བ་བདུན་ནས་བཅུ་གསུམ་བར་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་འདུག
ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་(Joshua Wong)ཡིས། ལོ་སྔོན་མར་ཧོང་ཀོང་གི་ཉེན་རྟོག་ལས་ཁུངས་ཀྱི་ཕྱི་ལ་བཀའ་འཁྲོལ་མེད་པར་ངོ་རྒོལ་རྔམ་སྟོན་བྱས་པའི་ནག་ཉེས་བཙུགས་ནས། དུས་བཀག་ལོ་གཅིག་དང་ཟླ་གཅིག་ལྷག་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་གཅད་ཡོད་འདུག
སྔ་ལོའི་ཕྱི་ཟླ་༦པའི་ནང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་ལོ་ན་༢༤ཡིན་པ་(Joshua Wong)ཡིས་ཧོང་ཀོང་གི་ཉེན་རྟོག་ལས་ཁུངས་ཀྱི་ཕྱི་ལ་བཀའ་འཁྲོལ་མེད་པར་ངོ་རྒོལ་བྱས་པ་མ་ཟད། མི་གཞན་ལ་ཁྲིམས་འགལ་གྱི་འདུ་འཛོམས་དེའི་ནང་ཞུགས་དགོས་པའི་སྐུལ་མ་བྱས་ཚུལ་ནག་ཉེས་བཙུགས་ནས། འདི་ཚེས་༢ཉིན(West Kowloon)ཟེར་བའི་ཁྲིམས་ཁང་གི་ཁྲིམས་དཔོན་(Wong Sze lai)ཟེར་བས་(Joshua Wong)ལ་དུས་བཀག་ཟླ་བ་༡༣་དང་ཕྱེད་ཀའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་གཅད་འདུག དེ་བཞིན་དུ་ཁོང་གི་རོགས་པ་དམངས་གཙོ་དོན་གཉེར་བ་གྲགས་ཅན་ལོ་ན་༢༣ཡིན་པ(Agnes Chow)ལ་ཟླ་བ་བཅུའི་རིང་བཙོན་འཇུག་དང་། ཡང་ལོ་ན་༢༦ཡིན་པ་(Ivan Lam)ལ་ཟླ་བ་༧རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་གཅད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཁྲིམས་ཡིག་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ལས་འགུལ་སྤེལ་བ་ཟེར་བ་ཁྲིམས་འབྲུ་དེ་རང་བེད་སྤྱོད་ཀྱིས་ཁོང་ཚོར་ཁྲིམས་བཅད་བྱས་པ་ཞིག་ཡིན་པ་རེད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོས་ཐེངས་འདིའི་གནས་ཚུལ་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད།
གོང་ཞུས་ཁྲིམས་ཐག་དེ་བཅད་མ་ཐག་ཁོང་གསུམ་འཕྲལ་དུ་བཙོན་འཇུག་བྱས་པ་མ་ཟད། ཁོང་གསུམ་གྱིས་དངུལ་གཏའ་མར་བཞག་ནས་བཙོན་འཇུག་མི་དགོས་པའི་རེ་ཞུ་བྱས་བ་དེར་ཁས་ལེན་བྱས་མིན་འདུག
(Joshua Wong)ནི་ཧོང་ཀོང་གི་རང་དབང་དང་མང་གཙོའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ངོ་གདོང་གཙོ་བོའི་གྲས་ཤིག་ཏུ་གྱུར་བ་མ་ཟད། གཞོན་སྐྱེས་ཁྲི་ཚོ་མང་པོས་ཁོང་གི་འགོ་ཁྲིད་ལ་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org