རྒྱ་ནག་གི་རྒྱལ་གཅེས་སློབ་གསོའི་ལས་འགུལ་ལ་ངོ་རྒོལ།

ཧོང་ཀོང་ནང་སློབ་དགེའི་མཐུན་ཚོགས་ཆེ་ཤོས་ཀྱིས་སློབ་གྲའི་ནང་རྒྱ་ནག་གི་རྒྱལ་གཅེས་སློབ་གསོའི་ལས་འགུལ་སྤེལ་རྒྱུའི་འཆར་གཞིར་ངོ་རྒོལ།

༄༅༎ཧོང་ཀོང་ནང་སློབ་དགེའི་མཐུན་ཚོགས་ཆེ་ཤོས་ཀྱིས་སློབ་གྲའི་ནང་རྒྱ་ནག་གི་རྒྱལ་གཅེས་སློབ་གསོའི་ལས་འགུལ་སྤེལ་རྒྱུའི་འཆར་གཞིར་ངོ་རྒོལ་བྱེད་ཀྱི་ཡོད་འདུག

འདི་ལོའི་འགོ་སྟོད་དུ་ཧོང་ཀོང་གྲོང་ཁྱེར་གྱི་ཤེས་རིགས་དཔོན་རིགས་མཐོ་ཤོས་ཀྱིས་རྩོད་གཞི་ཅན་གྱི་སློབ་གསོའི་ལས་འགུལ་དེ་སློབ་གྲའི་ནང་རྒྱས་བཅད་ཀྱིས་ལག་ལེན་བསྟར་རྒྱུའི་འཆར་གཞི་བཀོད་སྐབས་ ན་གཞོན་ཚོར་ཆབ་སྲིད་དང་ལྟ་བའི་སློབ་གསོ་སྤྲོད་རྒྱུའི་ཉེན་ཁ་མཐོང་ནས་ཧོང་ཀོང་གི་ཁྱད་ལས་པའི་སློབ་དགེའི་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ ཇེམ་སེ་ཧོན་གྱིས་དེ་མ་ཐག་འཆར་གཞི་དེར་ངོ་རྒོལ་བྱས་ཡོད་སྐོར་ཨེ་ཨེཕྤི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག འདི་ནི་ཤེས་ཡོན་ལ་ཆབ་སྲིད་ཀྱི་ཐེ་བྱུས་གསལ་པོ་རེད། དེས་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་ལ་འགལ་རྐྱེན་འཕྲད་ཀྱི་རེད་ཅེས་གསལ་བཤད་གནང་འདུག གོང་ཞུས་འཆར་གཞིའི་ནང་སློབ་ཕྲུག་ཚོས་ལོ་གཅིག་ནང་རྒྱལ་གཅེས་སློབ་གསོ་ཆུ་ཚུད་༥༠ཐམ་པ་ལེན་དགོས་པ་དང་ དེ་རྗེས་ཡིག་རྒྱུགས་མེད་པ་ན་ཡང་སློབ་ཕྲུག་ཚོས་རང་ཉིད་རྒྱ་མི་ཡིན་པའི་སྤྲོ་སྣང་ཡོད་མེད་དང་ མི་ཚེའི་འདུན་ལམ་འཚོལ་སྐབས་གཞུང་གིས་རྒྱབ་གཉེར་དགོས་མིན་སོགས་ཚོད་དཔག་བྱེད་རྒྱུ་ཡིན་པ་རེད། འཆར་གཞི་དེར་རྒྱབ་སྐྱོད་བྱེད་མཁན་ཚོས་དེས་མེས་རྒྱལ་ལ་དགའ་ཞེན་དང་ རྒྱལ་ཡོངས་རྩེད་འགྲན་ནང་ཞུགས་རྒྱུ་དང་ རྒྱ་ནག་གི་རིག་གཞུང་ལ་སྤྲོ་བ་སྤེལ་རྒྱུ་སོགས་ཀྱི་རྒྱུ་མཚན་བརྗོད་ཀྱི་ཡོད་འདུག། སློབ་དགེའི་མཐུན་ཚོགས་ཀྱི་ཚོགས་མི་ཁྲི་བརྒྱད་ནས་བརྒྱ་ཚབ་༧༠ཡིས་རྒྱལ་གཅེས་སློབ་གསོའི་འཆར་གཞི་ལ་ངོ་རྒོལ་བྱས་ཡོད་པ་དང་ ཡང་བརྒྱ་༦༧གྱིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག གལ་སྲིད་འཆར་གཞི་དེ་ལག་ལེན་བསྟར་རྒྱུར་ཐག་གཅོད་བྱུང་ཚེ་ཕྱི་༢༠༡༣ལོར་གཞི་རིམ་སློབ་གྲའི་ནང་འགོ་འཛུགས་བྱེད་རྩིས་ཡོད་འདུག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org