ཧོང་ཀོང་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་ངོ་རྒོལ།
སློབ་ཕྲུག་སྟོང་ཕྲག་མང་པོས་སློབ་མཚམས་བཞག་ནས་ངོ་རྒོལ་བྱེད་བཞིན་པ་དང་ཁ་སང་ཁག་གཅིག་གིས་སྲིད་གཞུང་ལས་ཁུངས་མདུན་ངོ་རྒོལ་བྱས་འདུག
-
2014-09-26 -
-
-
ཧོང་ཀོང་གི་སློབ་ཕྲུག་སྟོང་ཕྲག་མང་པོས་སློབ་མཚམས་བཞག་ནས་ངོ་རྒོལ་བྱེད་བཞིན་པ་དང་ཁ་སང་ཁག་གཅིག་གིས་སྲིད་གཞུང་ལས་ཁུངས་མདུན་ངོ་རྒོལ་བྱས་འདུག
དེ་ཡང་ཟླ་བ་འདིའི་ཚེས་༢༥ཉིན་ཧོང་ཀོང་དམིགས་བསལ་ས་གནས་སྤྱི་ཁྱབ་འགན་འཛིན་ Leung Chun-yingགྱི་ལས་ཁུངས་མདུན་སློབ་ཕྲུག་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་ངོ་རྒོལ་རྔམ་སྟོན་བྱས་ཡོད་པ་དང་། དེ་སྔ་ཕྱི་ལོ་༡༩༩༧ལོར་ཧོང་ཀོང་དབྱིན་ཇིའི་ལག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་པའི་སྐབས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་མིང་ཐོག་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རང་སྐྱོང་གི་ཐོབ་ཐང་ཆེ་བ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་ལྟར་ཡང༌། ཟླ་བ་སྔོན་མའི་ནང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ཕྱི་ལོ་༢༠༡༧ལོར་ཧོང་ཀོང་དམིགས་བསལ་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་འདེམས་རྒྱུའི་འོས་བསྡུའི་འགྲན་རྩོད་ནང༌། རྒྱ་ནག་གཞུང་གིས་མིང་བཏོན་བྱས་པའི་འོས་མི་མ་གཏོགས་མཉམ་ཞུགས་བྱེད་ཆོག་རྒྱུ་མིན་པའི་བཀའ་རྒྱ་བཏང་ཡོད་པར་སོང༌། དེ་ནས་བཟུང་ད་བར་ས་གནས་མང་ཚོགས་སྟོང་ཕྲག་མང་པོས་ཁྲོམ་གཞུང་དུ་ཐོན་ཏེ་ངོ་རྒོལ་བྱས་ཡོད་པ་མ་ཟད། འདས་པའི་ཉིན་གྲངས་འགའ་ཤས་ནས་བཟུང་ཧོང་ཀོང་ནང་ཡོད་པའི་མཐོ་སློབ་ཉི་ཤུ་རྩ་བཞི་ཙམ་གྱི་སློབ་ཕྲུག་ཚོས་སློབ་མཚམས་བཞག་ནས་ངོ་རྒོལ་ལས་འགུལ་ཞིག་འགོ་འཛུགས་བྱས་པ་མ་ཟད། སློབ་ཕྲུག་དེ་དག་གིས་འདི་ཚེས་༢༥ཉིན་ཧོང་ཀོང་དམིགས་བསལ་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་འགན་འཛིན་Leung Chun-ying གྱི་ལས་ཁུངས་མདུན་བསྐྱོད་དེ་སྤྱི་ཁྱབ་འགན་འཛིན་གྱིས་སློབ་ཕྲུག་ཚོའི་མཉམ་ཐུག་འཕྲད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང༌། སློབ་ཕྲུག་གི་རེ་འདུན་དེར་སྤྱི་ཁྱབ་འགན་འཛིན་Leung Chun-ying གྱིས་ངོས་ལེན་མ་བྱས་པར་བརྟེན། སྐབས་དེར་སློབ་ཕྲུག་ཚོས་ཁོང་ལ་སྐྱོན་བརྗོད་ཀྱི་ངོ་རྒོལ་སྐད་འབོད་ཡང་བྱས་ཡོད་པ་མ་ཟད། ངོ་རྒོལ་ལས་འགུལ་མུ་མཐུད་མཇུག་སྐྱོང་བྱ་རྒྱུའི་ཆེད། ཧོང་ཀོང་མང་ཚོགས་དང༌། སློབ་ཕྲུག་བཅས་པ་ཐུན་མོང་གི་ཐོག་ནས་འདི་ལོའི་ཕྱི་ཟླ་༡༠པའི་ཚེས་༡ཉིན་མངའ་ཁུལ་གྱི་ཁྲོམ་རའི་ལྟེ་གནས་སུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་ངག་དབང་ཆོས་འཕེལ།