ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་༤༥ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ།
ཧོང་ཀོང་ས་གནས་གཞུང་གིས་མང་གཙོའི་ལས་འགུལ་བ་༤༥ལ་བཙོན་འཇུག་ཁྲིམས་ཐག་བཅད་པར་ཕྱིའི་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་ནས་སྐྱོན་བརྗོད་བྱེད་བཞིན་པ།
- 2024-11-19
-
-
-
སྤྱི་ཟླ་༡༡ ཚེས་༡༩ཉིན་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་དང་། གྲོས་ཚོགས་ཀྱི་འཐུས་མི་ཟུར་བ་༤༥ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ཁོངས་སུ་ལོ་དུས་རིང་ཤོས་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་པ་དང་། དེ་ལ་ཕྱིའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་ཐག་གཅོད་དེ་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། ཧོང་ཀོང་གི་དབྱིན་ཇིའི་མངའ་འོག་ཏུ་ཡོད་སྐབས་སྤྱི་ཁྱབ་མཐའ་མ་Patten ་པ་ཊེན་གྱིས། ༢༠༢༠ ལོའི་ཟླ་བ་བདུན་པའི་ནང་སྔོན་འགྲོའི་འོས་བསྡུ་གོ་སྒྲིག་བྱས་པའི་མང་གཙོ་དོན་གཉེར་བ་ཚོར་ཁྲིམས་ཐག་བཅད་པ་དེ་ནི་ཧོང་ཀོང་མི་མང་ལ་མཐོང་ཆུང་བྱས་པ་ཞིག་ཡིན་པ་དང་། ཁྲིམས་དཔོན་ལྷན་ཚོགས་མེད་པའི་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་པ་དེས་ཧོང་ཀོང་ནང་གི་འདུ་འཛོམས་རང་དབང་། བསམ་ཚུལ་བརྗོད་པའི་རང་དབང་། གསར་འགྱུར་རང་དབང་བཅས་རྩ་མེད་བཟོས་པ་དེར་ངས་ཡོངས་སུ་ངོ་རྒོལ་བྱེད་ཞེས་གསུངས་འདུག
གོང་ཞུས་ཁྲིམས་ཐག་བཅད་པའི་ཧོང་ཀོང་གི་ལས་འགུལ་བ་དེ་དག་ནི་སྤྱི་ལོ་༢༠༢༡ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་ལག་བསྟར་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་འོག་མི་གྲངས་ ༤༧ ལ་ཉེས་འཛུགས་བྱས་ཡོད་པའི་གྲས་ནས་ཡིན་ཞིང་། ཁོ་ཚོས་གཞུང་འབྲེལ་མ་ཡིན་པའི་འོས་བསྡུ་ཞིག་ལ་ཞུགས་ནས། ཕྱོགས་འགལ་གྱི་འོས་མི་འདེམས་སྒྲུག་བྱས་ཡོད་པ་རེད།
ཧོང་ཀོང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཧོང་ཀོང་ས་གནས་གཞུང་གི་ཐག་གཅོད་དེ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། ང་ཚོས་པེ་ཅིང་དང་ཧོང་ཀོང་ས་གནས་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་འོག་ནས་ཧོང་ཀོང་གི་མི་དམངས་ལ་ཉེས་འཛུགས་རིགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་གི་ཡོད། ཞི་བའི་སྒོ་ནས་ཐོབ་ཐང་དང་རང་དབང་རྩོད་ལེན་གནང་བའི་རྐྱེན་གྱིས་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་གནང་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཀྱང་སྐྱོན་བརྗོད་གནང་འདུག
གནས་ཚུལ་དེའི་སྐོར་ནས་ཨ་རིར་བཞུགས་པའི་རྒྱ་ནག་གི་གནས་ཚུལ་དཔྱད་བརྗོད་པ་གྲགས་ཅན་ཝང་ཅན་ལགས་ཀྱིས། ཁྲིམས་ཆད་ཀྱི་ཡི་གེ་ནང་དུ་སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོར་དམངས་གཙོ་རྩོད་ལེན་པ་དེ་དག་གིས། ཁྲིམས་བཟོ་ཁང་དུ་དམངས་གཙོ་བར་མཐུན་འགྱུར་གྱི་སྒྲིག་འཛུགས་བཙུག་ཡོད་ཅིང་། དམངས་གཙོ་རིང་ལུགས་པར་ཁྲིམས་བཟོ་ཁང་དུ་རྐུབ་སྟེགས་མང་ཤོས་སུ་བསྒྱུར་རྩིས་བྱས་ཡོད་པ་དེ་ནི་སྲོག་ཉེན་རང་བཞིན་ལྡན་པ་ལྟ་བུའི་ཚོད་འཛིན་གྱི་གོ་མཚོན་ལྟ་བུ་ཞིག་ཡིན་ཚུལ་གྱི་སྐྱོན་འཛུགས་བྱས་འདུག་ལ། ཡང་ཁོང་གིས་ང་རང་གིས་བལྟས་ནས་འདི་ལྟ་བུའི་ཐག་གཅོད་དེ་ནི་ངོ་ཚ་མེད་པའི་ཐག་གཅོད་ཅིག་ཡིན་ལ། འདིའི་སྟེང་ནས་ད་ལྟའི་ཧོང་ཀོང་གི་ཁྲིམས་ལུགས་དེ་ནི་མིའི་རིགས་ཀྱི་ཀུན་སྤྱོད་དང་རྒྱབ་འགལ་དུ་གྱུར་ནས། ཆབ་སྲིད་ལ་གཏོར་བརླག་བྱེད་པའི་ལག་ཆ་ཁོ་ན་ཞིག་ཏུ་གྱུར་པ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
འབྲེལ་ཡོད་གནས་ཚུལ་དཔྱད་བརྗོད་པས། ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ལག་བསྟར་བྱས་པ་ནས་བཟུང་། ཧོང་ཀོང་གི་ཁྲིམས་ཞིབ་དེ་ནི་རྒྱ་ནག་ནང་ཁུལ་གྱི་སྲིད་དབང་སྒེར་སྡེམ་གྱི་ཁྲིམས་ཆད་དང་གཅིག་པ་ཡིན་སྟབས། བོད་དང་ཤར་ཏིར་ཀི་སི་ཐན་སོགས་ལ་མཚོན་ན་རྒྱལ་ཁབ་མགོ་རྟིང་སློག་པ་ཟེར་བ་དང་ཕྱི་ཕྱོགས་ལ་ངན་འབྲེལ་བྱས་པ་སོགས་གང་འདོད་དུ་ཉེས་མིང་བཙུག་དེ་ཁྲིམས་ཆད་གཅོད་པའི་རིགས་ནི་རྒྱུན་ལྡན་ཞིག་ཡིན་པ་ལས་གནས་ཚུལ་གསར་པ་གང་ཡང་མིན་པའི་སྐོར་འགྲེལ་བརྗོད་བྱེད་ཀྱིན་ཡོད་འདུག།
གསར་འགོད་པ། བསོད་ནམས་ལྷ་མོ། ཀེ་ཐོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།