དམངས་གཙོ་ལས་འགུལ་བ་དང་ཉེན་རྟོག་བར་འཁྲུག་འཛིང་།
ཧོང་ཀོང་ནང་ངོ་རྒོལ་བའི་དབར་འཁྲུག་འཛིང་ཤོར་བ་ནི་འདས་པའི་ཟླ་བ་གཉིས་ཙམ་ནང་གནས་སྟངས་སྡུག་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།
-
2014-12-01 -
-
-
ཧོང་ཀོང་ནང་ངོ་རྒོལ་བའི་དབར་འཁྲུག་འཛིང་ཤོར་བ་ནི་འདས་པའི་ཟླ་བ་གཉིས་ཙམ་ནང་གནས་སྟངས་སྡུག་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།
དེ་ཡང་ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་ཚོས་དེ་རིང་རེས་གཟའ་ཟླ་བའི་ཉིན་གཞུང་ལ་ངོ་རྒོལ་གྱི་ལམ་ནས་གཞུང་གི་ལས་ཁུངས་ནང་འཛུལ་ཐབས་བྱས་ཡོད་སྟབས། ས་གནས་ཉེན་རྟོག་པས་ལས་འགུལ་བ་ཚོའི་ཐོག་མིག་ཆུ་ཤོར་བྱེད་དུག་རླངས་བཏང་བ་དང་། རྒྱུག་པ་གཞུས་པ། དེ་བཞིན་ཆུ་གཏོར་བ་སོགས་དྲག་གནོན་ཤུགས་ཆེ་བྱས་པར་བརྟེན་ས་གནས་ཉེན་རྟོག་པ་དང་། ངོ་རྒོལ་བའི་དབར་འཁྲུག་འཛིང་ཤོར་བ་སོགས་འདས་པའི་ཟླ་བ་གཉིས་ཙམ་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནང་ནས་གནས་སྟངས་སྡུག་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། དེ་རིང་ཧོང་ཀོང་ནང་མང་གཙོའི་དོན་གཉེར་བ་དང་། ཉེན་རྟོག་པའི་དབར་འཁྲུག་འཛིན་གྱི་གནས་ཚུལ་དེ་བྱུང་བའི་རྗེས་ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་འགན་འཛིན་Leung ཡིས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོ་བསྐྱར་དུ་གཞུང་གི་ས་གནས་དེའི་ཐོག་སླར་ཡོང་མི་ཆོག་པའི་ཉེན་བརྡ་བཏང་ཡོིད་པ་མ་ཟད། དེ་རིང་ནས་བཟུང་ས་གནས་ཉེན་རྟོག་པས་བློ་རྩ་བརྟན་པོས་ས་གནས་ཐོག་འགན་འཁུར་འཁྱེར་རྒྱུ་ཡིན་སྟབས་གལ་ཏེ་སློབ་ཕྲུག་ཚོས་ས་གནས་དེའི་ཐོག་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་ཡོང་བ་ཡིན་ན། འཛིན་བཟུང་དོ་དམ་སོགས་བྱེད་རྒྱུ་ཡིན་ལུགས་སྔོན་ནས་བརྡ་ལན་བཏང་ཡོད་ཅེས་ཧོང་ཀོང་ས་གནས་གཞུང་གི་སྤྱི་ཁྱབ་འགན་འཛིན་ཡིས་གསལ་སྟོན་གནང་འདུག ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཚོས་མ་འོངས་༢༠༡༧་ལོའི་ཧོང་ཀོང་གི་དབུ་ཁྲིད་རྒྱ་ནག་གཞུང་གི་ཐེ་བྱུས་མེད་པར་ཧོང་ཀོང་མི་མང་ཚོས་མང་གཙོའི་ལམ་ནས་འོས་འདེམས་དགོས་པའི་དགོས་འདུན་བཏོན་བཞིན་པའི་ཐོག་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་པ་ཤུགས་ཆེ་བཏོན་དེ་ཧོང་ཀོང་ནང་མང་གཙོའི་དོན་གཉེར་བའི་ཐོག་མུ་མཐུད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།