ནང་སྲིད་བཀའ་བློན་མཆོག་ནས་སྒང་ཏོག་དཔོན་རིགས་དང་མཇལ་འཕྲད།

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་ནས་འབྲས་ལྗོངས་སྒང་ཏོག་མངའ་སྡེ་གཞུང་གི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་ཡོད་པ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་སྒང་ཏོག་མངའ་སྡེའི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ཟླ་བཅུ་པའི་ཚེས་༢༦ ནས་ཚེས་༣༠ བར་ཉིན་གྲངས་ལྔའི་རིང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་ཏུ་འཚམས་འདྲི་གནང་བའི་རིང་ལ། སྒང་ཏོག་མངའ་སྡེ་གཞུང་གི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་གྱི་གནས་སྟངས་ཐོག་ལ་བཀའ་བསྡུར་གནང་ཡོད་པ་ལྟར། ཕྱི་ཚེས་༢༧ ཉིན་འབྲས་ལྗོངས་གཞུང་གི་འབྲེལ་ཡོད་དཔོན་རིགས་སྐུ་ཞབས་ཚེ་རྒྱལ་བཀྲ་ཤིས་ལགས་དང། སྐུ་ཞབས་བཀྲིས་དབང་འདུས་ལགས་གཉིས་དང་མཇལ་འཕྲད་གནང་བའི་སྐབས། འབྲས་ལྗོངས་ཀྱི་ལྷོ་ཕྱོགས་སུ་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་ཡུལ་གྱི་ལྟེ་གནས་ར་དབང་ལ་ཞེས་པའི་གྲོང་མཚོའི་དེའི་ནང་ཆགས་པའི་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཞིང་གི་བཅད་མཚམས་དང་། ས་ཁང་གནས་གཡར་གྱི་གནད་དོན་ཐོག་ལ་བཀའ་བསྡུར་གནང་ཡོད་པ་མ་ཟད། ད་དུང་འབྲས་ལྗོངས་གཞུང་གི་དཔོན་རིགས་སྐུ་ཞབས་ ཨེས་སི་ གུཔ་ཏ་ དང། སྐུ་ཞབས་བཀྲིས་ཆོ་ཆོ་ལགས་གཉིས་དང་མཇལ་འཕྲད་ཞུས་ཏེ། ༢༠༡༤ བོད་མིའི་གཞིས་ཆགས་གསར་འཛུགས་ཀྱི་སྲིད་ཇུས་ཐོག་ལ་བཀའ་བསྡུར་གནང་ཡོད་པ་རེད། དེ་རྗེས་ཕྱི་ཟླ་བཅུ་པའི་ཚེས་༣༠ ཉིན་བཀའ་བློན་མཆོག་གིས། འབྲས་ལྗོངས་གཞུང་གི་དཔོན་རིགས་ལྕམ་རིན་ཆེན་དབང་མོ་མཆོག་དང་མཇལ་འཕྲད་ཞུས་ཏེ། འབྲས་ལྗོངས་ཁུལ་དུ་གནས་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་དཔེར་ན། ར་དབང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཁང་གནས་གཡར་གྱི་གནད་དོན་དང་ས་ཞིང་བཅད་མཚམས། ཚོང་ལས་གཉེར་ཆོག་པའི་ལག་འཁྱེར། མོ་ཊའི་ལག་འཁྱེར་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་དེ་དག་ཐོག་བཀའ་བསྡུར་གནང་ཡོད་པ་རེད།།

གསར་འགོད་པ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org