༸གོང་ས་མཆོག་ཡུ་རོབ་ཡུལ་གྲུ་ཁག་ཅིག་ལ་ཆིབས་བསྒྱུར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཡུལ་གྲུ་ཨི་ཊ་ལིའི་རྒྱལ་ས་རོམ་དང་འཇར་མི་ནིའི་ནང་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག

༄༅༎བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དང་འཇར་མི་ནིའི་ནང་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག ཨི་ཊ་ལིའི་རྒྱལ་ས་རོམ་གྱི་གྲོང་ཁྱེར་སྤྱི་ཁྱབ་ནས་གདན་ཞུ་ཕུལ་བ་ལྟར་གྲོང་ཁྱེར་དེའི་ནང་འདེ་ཚེས་བརྒྱད་ཉིན་ཨི་ཊ་ལིའི་རྒྱལ་ས་རོམ་ནང་ཞབས་སོར་འཁོད་གནང་མཛད་རྒྱུ་དང་ཚེས་དགུ་ཉིན་གྲོང་ཁྱེར་རོམ་ནང་༸གོང་ས་མཆོག་གིས་ད་བར་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གོང་འཕེལ་གཏོང་ཐབས་སུ་ཕྱག་ལས་གནང་བའི་མཛད་རྗེས་ལ་ཆེ་བསྟོད་ཞུ་བའི་ཆེད་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱང་གནང་གི་ཡོད་པ་དང་ཆེ་བསྟོད་འདི་ནི་རྒྱལ་ས་རོམ་གྱི་གྲོང་སྡེ་ལྷན་ཚོགས་ནས་མང་མོས་ཀྱི་ཐོག་ནས་འབུལ་རྒྱུའི་ཐག་ཆོད་བྱུང་བ་ཞིག་ཡིན་འདུག

དེ་ནས་གྲོང་ཁྱེར་ལྦེ་ནི་སིའི་ནང་ཆིབས་བསྒྱུར་གནང་རྒྱུ་དང་ཁུལ་དེའི་ནང་གི་གྲོང་སྡེ་ལྷན་ཚོགས་ནས་སྔ་ལོའི་ཕྱི་ཟླ་བདུན་པའི་ནང་སྤྱི་མོས་གྲོས་མཐུན་བྱུང་བ་བཞིན་༸གོང་ས་མཆོག་ལ་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུ་ཡིན་འདུག

རིམ་པས་མཛད་འཆར་གཞིར་བཟུང་འཇར་མི་ནིའི་གྲོང་ཁྱེར་སྦ་དྲན་སྦ་དྲན་ཞེས་པའི་ནང་ཆིབས་བསྒྱུར་གནང་གི་ཡོད་འདུག ༸གོང་ས་མཆོག་ལ་དྲཆ་མི་དྲེན་པེ་རེ་སེ་ཞེས་པའི་འཇར་མན་གསར་འགོད་ཚན་པའི་བྱ་དགའ་ཞིག་ཀྱང་འབུལ་བཞེས་གནང་རྒྱུ་ཡིན་འདུག བྱ་དགའ་འདི་བཞིན་འཇར་མན་ནང་གི་སྙན་གྲགས་ཅན་གྱི་གསར་འགོད་རྩོམ་བསྒྲིགས་འགན་འཛིན་ཉི་ཤུ་ལས་གྲུབ་པའི་དཔྱད་ཞིབ་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་འོས་འདེམས་བྱུང་བ་ཞིག་ཡིན་འདུག

བྱ་དགའ་འབུལ་རྒྱུའི་གསལ་བསྒྲགས་སྤེལ་བའི་ནང་དེང་སང་འཛམ་གླིང་ནང་ཆོས་ལུགས་ཀྱི་འཁོན་འཁྲུགས་དང་སོ་སོའི་ཁེ་ཕན་ཆེད་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་ཁོར་ཡུག་འདི་ལྟབུའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཟོད་བསྲན་དང་གུས་ བརྩི།ཞི་འགྲིགས་ཡོང་ཐབས་ཀྱི་སྐུལ་སྤེལ་མཛད་བཞིན་ཡོད་པ་དང་ལྷག་པར་དུ་འདས་པའི་ལོ་ངོ་ལྔ་བཅུའི་རིང་བོད་མིའི་འཐབ་རྩོད་དེ་བཞིན་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་རྒྱུན་མཐུད་གནང་བཞིན་པའི་མཛད་རྗེས་ལ་ཕུལ་བ་ཡིན་ལུགས་བཀོད་ཡོད་པ་རེད། གོང་ཞུས་ཡུལ་གྲུ་གཉིས་ཀྱི་མཛད་འཆར་ཁག་གྲུབ་གནང་བའི་རྗེས་འདི་ཚེས་བཅུ་གཅིག་ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org