༧གོང་ས་མཆོག་ནས་མིག་ནད་སྨན་པའི་ལྷན་ཚོགས་སུ་ཕེབས་པ།
༧གོང་ས་མཆོག་ནས་རྒྱ་གར་རྒྱལ་ཡོངས་མིག་ནད་སྐྱ་སྒྲིབ་ཀྱི་སྨན་པའི་ལྷན་ཚོགས་ཐེངས་༢༧པའི་ཐོག་ཆིབས་བསྒྱུར་གྱིས་བླང་དོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
-
2016-11-05 -
-
-
Your browser doesn’t support HTML5 audio
༄༅། །དེ་རིང་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་Glaucoma Society of India ཞེས་པ་རྒྱ་གར་རྒྱལ་ཡོངས་མིག་ནད་སྐྱ་སྒྲིབ་ཀྱི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢༧ པའི་ཐོག་སྨན་པ་ཚོས་མིག་གི་སྐྱ་སྒྲིབ་སེལ་བ་དང་མིག་གི་དབང་པོ་གསོ་ཐབས་བྱེད་བཞིན་པ་དུས་མཚུངས། བྱམས་པ་དང་སྙིང་རྗེའི་བསམ་པ་ལྡན་པའི་ཐོག་ནས་བློའི་མུན་པ་ཡང་ངེས་པར་སེལ་ཐབས་བྱེད་དགོས་པ་བཀའ་གནང་འདུག།
རྒྱ་གར་རྒྱལ་ཡོངས་མིག་ནད་སྐྱ་སྒྲིབ་ཀྱི་སྨན་པའི་ལྷན་ཚོགས་དེ་བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་ པ་ལམ་པུར་ས་གནས་སུ་བསྐོང་ཚོགས་བྱས་ཤིང་། Glaucoma Society of India ཞེས་པའི་མིག་གི་སྨན་པའི་ལྷན་ཚོགས་དེ་ནི་ཕྱི་ལོ་ ༡༩༩༠ ཐམ་པའི་ལོར་གསར་དུ་བཙུགས་པ་ཞིག་ཡིན་འདུག
དབྱིན་སྐད་ནང་ Glaucoma ཟེར་བའི་ནད་ཀྱི་ཐ་སྙད་འདི་ནི་མིག་ནད་མི་འདྲ་བ་མང་པོ་ཞིག་ལ་གོ་གི་ཡོད་ཅིང་། མིག་ནད་འདི་ནི་མིག་ལོང་བ་བཟོ་བའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ཀྱང་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། Glaucoma ཟེར་བའི་མིག་ནད་དེ་ཕོགས་པའི་རྐྱེན་གྱིས་མིག་དབང་གི་རྩ་ཁམས་ཉམས་པར་བྱེད་དེ་རིམ་པས་མིག་དབང་དང་ཀླད་པའི་དབར་འབྲེལ་བ་བྱ་མཁན་གྱི་རྩ་ཕུང་དེ་དག་བེད་མེད་བཟོ་གི་ཡོད་འདུག། Glaucoma ཟེར་བའི་མིག་ནད་དེ་ཕོགས་པའི་སྐབས་ནད་རྟགས་མེད་པར་གནས་ཏེ། མིག་གི་དབང་པོ་ལོང་བ་མ་འགྱུར་བར་ནད་དེ་ཡོད་པ་སྨན་པས་བརྟག་དཔྱད་མ་བྱེད་བར་ཤེས་རྟོགས་ཡོང་གི་མེད་པ་ཡིན་འདུག། དེར་བརྟེན་མིག་གི་སྨན་པ་ཚོས་རྒྱུན་དུ་མིག་བརྟག་དཔྱད་བྱ་རྒྱུ་གལ་ཆེ་ཡིན་པའི་སློབ་སྟོན་བྱེད་བཞིན་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་གཟའ་ཉི་མའི་ཉེ་ཧོང་དུ་ཆིབས་བསྒྱུར་ཆེད་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།