༸གོང་ས་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་ཐུགས་རྗེ་ལེགས་འབུལ་གྱི་གུང་ཚིགས་འདེགས་འབུལ་ཞུས་པ།

དེ་རིང་ཕྱི་ཟླ་༨པའི་ཚེས་ ༢༥ ཡང་ན་མགོན་པོ་མཆོག་ས་གནས་སུ་ཞབས་སོར་འཁོད་ནས་ཟླ་བ་ ༡ དང་ཉིན ༡༠ པའི་མཛད་འཆར་ལ། དང་ཐོག་ལ་དྭགས་ཡོངས་ཀྱི་དགོན་པ་ཚོགས་པའི་ཆོས་ཀྱི་སྟེ་གནས་ཁང་དུ་ཆིབས་སྒྱུར་མཛད་རྗེས་ལ་དྭགས་ནང་པ་ཚོགས་པ་དང་ལ་དྭགས་དགོན་པ་ཚོགས་པ་གཉིས་ཀྱིས་མགོན་པོ་མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་གུང་ཚིགས་ཤིག་གོ་སྒྲིག་ཞུས་སོང་།

༸གོང་ས་མཆོག་ལ་དྭགས་དགོན་ཚོགས་ཀྱི་ཚོགས་ཁང་དུ་བཀའ་སློབ་སྩལ་བཞིན་པའི་པར་རིས། ༢༠༢༢།༠༨།༢༥ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ཞབས་གསོར་འཁོད་ནས། དེ་རིང་ཕྱི་ཟླ་༨པའི་ཚེས་ ༢༥ ཡང་ན་མགོན་པོ་མཆོག་ས་གནས་སུ་ཞབས་སོར་འཁོད་ནས་ཟླ་བ་ ༡ དང་ཉིན ༡༠ པའི་མཛད་འཆར་ལ། དང་ཐོག་ལ་དྭགས་ཡོངས་ཀྱི་དགོན་པ་ཚོགས་པའི་ཆོས་ཀྱི་སྟེ་གནས་ཁང་དུ་ཆིབས་སྒྱུར་མཛད་རྗེས་ལ་དྭགས་ནང་པ་ཚོགས་པ་དང་ལ་དྭགས་དགོན་པ་ཚོགས་པ་གཉིས་ཀྱིས་མགོན་པོ་མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་གུང་ཚིགས་ཤིག་གོ་སྒྲིག་ཞུས་སོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལྕོག་ལམ་ཚལ་དུ་ཆགས་པའི་ཆོས་ཀྱི་སྟེ་གནས་སུ་ལ་དྭགས་ཀྱི་དགེ་འདུན་སྡེ་དབུས་པའི་དད་ལྡན་མི་མང་ལ་བཀའ་སློབ་དཀའ་དྲིན་བསྐྱངས་པའི་སྐབས་དམིགས་བསལ་གྱིས་མགོན་པོ་མཆོག་ནས་བོད་དེ་ལ་དྭགས་ཀྱི་ས་མཚམས་སུ་ཆགས་ཀྱི་ཡོད་དུས་བོད་ནང་གི་བོད་མིས་ཚོས་ངོས་ལ་ལ་དྭགས་ཡུལ་མི་ཚོས་དད་པ་རྩེ་གཅིག་ཏུ་བྱེད་པ་དང་ངོས་རང་འཛུམ་ཤིག་ཤིག་ངང་སྡོད་པ་སོགས་མཐོང་དུས་ཁོང་ཚོས་ངོས་ལ་ཡིད་ཆེས་བརྟན་དུ་འགྲོ་ངེས་ཡིན་ཞེས་བཀའ་སློབ་ཕེབས་སོང་།


མགོན་པོ་མཆོག་ནས་མུ་མཐུད་གསུངས་དོན། རྒྱ་མི་གུང་ཁྲན་གྱི་མི་ཚོས་ཆོས་ཟེར་དུས་སྡུག་པོ་ཞིག་ལ་ངོས་འཛིན་གནང་མཁན་ཚོས་ངོས་ཀྱིས་འདིར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྨོངས་དད་ཅན་ཚོར་མགོ་སྐོར་གཏོང་བཞིན་ཡོད་པ་བསམ་གྱི་རེད་ཅེས་བཀའ་སྩལ་གནང་སོང་།
གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་ཐུགས་རྗེ་ལེགས་འབུལ་གྱི་གུང་ཚིགས་ཕུལ་བའི་སྐབས། ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ཐུབ་བསྟན་ཚེ་དབང་ལགས་ཀྱི་གསུང་བཤད་ནང་མགོན་པོ་མཆོག་ལོ་རྗེས་མར་ལ་དྭགས་སུ་དབྱར་དུས་སྐབས་ཟླ་བ་ ༣ ཙམ་བཞུགས་རྒྱུའི་རེ་སྐུལ་གནང་སོང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་ལ་དུས་ནས་དུས་སུ་ཐུགས་བརྩེ་བ་ཆེན་པོའི་ཞབས་སོར་འཁོད་སྲོལ་ཡོད་ལ། ཏོག་དབྱིབས་ནད་ཡམས་རྐྱེན་པས་ལོ་གསུམ་རིང་ཆིབས་སྒྱུར་གནང་ཐུབ་མེད། ད་ལན་མགོན་པོ་མཆོག་ས་གནས་ལ་ཆིབས་སྒྱུར་བསྐྱངས་པ་ནི་ཐེངས་ ༢༥ པ་དེ་ཆགས་ཀྱི་ཡོད་ལ། སང་ཉིན་ཡང་ན་ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན་མགོན་པོ་མཆོག་ལ་དྭགས་ས་གནས་ནས་ཆིབས་ཐོན་གནང་གི་འདུག ཡང་ད་ལན་མགོན་པོ་མཆོག་ལ་དྭགས་ས་གནས་སུ་ལོ་རྒྱུས་ནང་ཟླ་བ་གཅིག་དང་ཉིན་ ༡༡ རིང་བཞུགས་པ་དེ་ནི་དུས་ཡུན་རིང་ཤོས་ཤིག་ཆགས་ཀྱི་ཡོད་འདུག
ཐེངས་འདིའི་ཆིབས་སྒྱུར་ནི་དེ་སྔོན་ཁྲིག་སེ་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་རྣམ་གཉིས་གཙོས་པའི་སྐུ་ཚབ་ཚོགས་ཆུང་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་མགོན་པོ་མཆོག་ལ་གསོལ་འདེབས་ཞུས་པ་ཞིག་ཆགས་ཀྱི་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org