སློབ་གྲྭ་ནང་བྱམས་བརྩེའི་ཤེས་ཡོན་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པ།

༸གོང་ས་མཆོག་ནས་ངེས་པར་དུ་སློབ་གྲྭ་ཁག་གི་ནང་བྱམས་བརྩེའི་ཤེས་ཡོན་སྤྲོད་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་བ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཧོང་གི་ཨོ་ས་ཀ་གྲོང་ཁྱེར་གྱི་ སེཡི་ཕྷུ་སློབ་གྲའི་ནང་མུ་འཐུད་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་སྩོལ་བཞིན་པ། ༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཚེས་ ༡༢ ཉིན་ཉེ་ཧོང་གི་ཨོ་ས་ཀ་གྲོང་ཁྱེར་གྱི་ སེཡི་ཕྷུ་སློབ་གྲའི་ནང་མུ་འཐུད་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་སྩལ་གནང་མཛད་འདུག། སྤྱོད་འཇུག་གི་གསུང་ཆོས་ཁ་སང་ཕྱི་ཚེས་ ༡༡ ནས་དབུ་བཙུགས་གནང་ཡོད་ཅིང་། ཁ་སང་གི་གསུང་ཆོས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཟེར་བ་ནི་འཕྲལ་དུ་ཡིན་ནའང་སེམས་ནང་དངངས་སྐྲག་དང་མ་སྐྱིད་བ་བྱུང་བ་ལས་སྐྱོབ་ཐབས་ཤིག་ལ་གོ་དགོས་པ་དང་། ལེགས་སྦྱར་གྱི་སྐད་ནང་ Dharma ཞེས་པ་ནི་འཛིན་པའམ་སྐྱོབ་པའི་དོན་ཡིན་པས། སངས་རྒྱས་པའི་ཆོས་ནས་འཛིན་པའམ་སྐྱོབ་ཅེས་པའི་སྐྱོབ་སྟངས་ནི། སྡུག་བསྔལ་གྱི་རྒྱུ་སེམས་རྒྱུད་མ་དུལ་བ་ལས་བྱུང་བཞིན་ཡོད་པ་དང་། མ་དུལ་སེམས་ལ་འགྱུར་བ་བཏང་ནས་སེམས་དུལ་བར་བྱས་པའི་ཐོག་ནས་སེམས་མ་དུལ་བ་བརྟེན་ནས་ལས་ངན་པ་གསོག་རྒྱུ་དང་། དེའི་འབྲས་བུ་སྡུག་བསྔལ་ལས་ཐར་བ་དང་སྐྱོབ་པ་བྱ་རྒྱུ་ཞིག་ལ་གོ་དགོས་པ་བཀའ་གནང་འདུག། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མས་བྱམས་བརྩེ་དགོས་པ་དང་། བྱམས་བརྩེར་གནོད་པ་བྱེད་མཁན་ཞེ་སྡང་ཡིན་པས་བཟོད་པའི་ཉམས་ལེན་བྱེད་དེ། གཞན་གྱིས་རང་ལ་གནོད་པ་ཞིག་བྱས་ན། དེར་འཁོན་འཛིན་མི་བྱེད་པར་བྱམས་པ་དང་བརྩེ་བའི་སྒོ་ནས་བཟོད་པའི་ཉམས་ལེན་བྱེད་དགོས་པ་གཅིག་མཚུངས་གསུངས་ཀྱི་ཡོད་པ་བཀའ་གནང་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནི་གཙོ་བོ་ཕྱི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཡིན་སྟབས། དེང་དུས་ཀྱི་ཤེས་ཡོན་གྱི་ཐོག་ནས་མི་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་ཀྱི་མེད། སེམས་རྒྱུད་དུལ་བ་དང་སེམས་ཀྱི་ཞི་བདེ་འབྱུང་རྒྱུ་ནི་འཛམ་གླིང་མི་ཀུན་ལ་དགོས་པ་ཞིག་ཡིན་པ་ལས། ཆོས་བྱེད་མཁན་གཅིག་པུའི་དགོས་མཁོ་ཞིག་མིན་སྟབས། ངེས་པར་སློབ་གྲྭ་ཁག་གི་ནང་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སེམས་རྒྱུད་དུལ་ཐབས་སམ་བྱམས་བརྩེའི་ཤེས་ཡོན་སྤྲོད་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་འདུག།
སང་ཉིན་ཕྱི་ཚེས་ ༡༣ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནང་མང་ཚོགས་ལ་སྒྲོལ་མ་ཙིཏྟ་མ་ཎིའི་ཐོུང་དང་ཐོུང་མ་ཡིན་པའི་རྗེས་གནང་སྩོལ་རྒྱུ་ཡིན་འདུག།

 

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org