༧གོང་ས་མཆོག་ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་ཆེན་ལ་ཆིབས་ཐོན།
༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་ན་སིག་ཏུ་ཧིན་རྡུའི་ཆོས་ཕྱོཊ་དུས་ཆེན་ལ་མཛད་འཕྲིན་སྐྱོང་ཆེད་བཞུགས་སྒར་ནས་ཆིབས་ཐོན་མཛད་ཡོད་པ།
-
2015-08-29 -
-
-
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་གཟའ་སྤེན་པའི་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལི་བརྒྱུད་རྒྱ་གར་གྱི་གྲོང་ཁྱེར་ན་སིག་ཏུ་ཧིན་རྡུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེན་མོ་ ཀུམབྷ་མེ་ལའི་ཐོག་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་ཆེད་ཆིབས་ཐོན་མཛད་ཡོད་པ་རེད།
ཀུམབྷ་མེ་ལ་ཟེར་བའི་ཧིན་རྡུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེན་མོ་དེ་རིགས་རྒྱ་གར་གྱི་རྩ་ཆེའི་གྲོང་ཁྱེར་ཧ་རི་དྷུ་ཝར་དང་ཨ་ལྷ་བཱདྷ། དེ་བཞིན་ན་སིཀ་དང་ཨུ་ཇེན་སོགས་ཆུ་བོ་གངྒ་དང་ཡ་མུ་ན་གཙང་པོ་ནས་རྒྱུགས་པའི་སངྒམ་གཙང་ཆུ་དང་། སར་ཝསི་ཏི། སྒ་དྷ་ཝ་རི་དང་ཤིཔ་ར་བཅས་ཀྱི་གཙང་པོ་རྒྱུགས་ཡུལ་གྱི་གྲོང་ཁྱེར་ཁག་བཞིའི་ནང་ཚུགས་སྲོལ་ཡོད་ཅིང་། ཐེངས་འདིའི་སྒ་དྷ་ཝ་རིའི་གཙང་པོ་རྒྱུགས་ཡུལ་ན་སིཀ་གྲོང་ཁྱེར་གྱི་ནང་ཚུགས་བཞིན་པའི་ཀུམབྷ་མེ་ལཱ་དེའི་ཐོག་མི་གྲངས་འབུམ་བརྒྱ་ཙམ་འདུ་འཛོམས་འབྱུང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ཡང་ཀུམབྷ་མེ་ལའི་དུས་ཆེན་འདུ་འཛོམས་ཐེངས་འགའ་ཤས་ཐོག་ཧིན་དྷུའི་དུས་ཆེན་གོ་སྒྲིག་པ་ཁག་གི་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་རེད། སྐབས་དེ་དག་སོ་སོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་བཀའ་སློབ་བསྩལ་དོན་སྙིང་པོ་ནི་ཆོས་པ་ཞིག་གི་ལས་འགན་ནི་གཞན་ལ་ཕན་ཐོག་བྱ་རྒྱུ་དེ་ཡིན་པ་དང་། དེ་ནི་བྱམས་པ་དང་བརྩེ་བའི་ཉམས་ལེན་གྱི་ཐོག་ནས་ཡོང་དགོས་པ། བསླབ་བྱ་འདི་ནི་ཆོས་ལུགས་ཆེ་ཁག་ཚང་མའི་གཅིག་འགྱུར་གྱི་བསླབ་བྱ་ཞིག་ཡིན་སྟབས་ཆོས་ལུགས་ཕན་ཚུན་མཐུན་བསྒྲིལ་དགོས་གལ་ཆེ་བའི་སྐོར་སོགས་ཡིན་ཞིང་། ཡང་ཧིན་དྷུའི་བླ་ཆེན་ཁག་དང་ལྷན་དུ་མཇལ་མོལ་གནང་པའི་སྐབས་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱ་གར་ནང་དར་བའི་རིན་ཐང་ཅན་གྱི་ལྟ་གྲུབ་སྤྱི་དང་ལྷག་པར་དུ་འཚེ་མེད་ཞི་བའི་ལྟ་གྲུབ་མི་ཉམས་རྒྱུན་འཛིན་དགོས་སྐོར་བཀའ་སློབ་དང་དགོངས་འཆར་ནན་པོ་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་ཀུམབྷ་མེ་ལའི་ཧིན་དྷུའི་ཆོས་ཕྱོགས་ཀྱི་གནས་མཇལ་འདུ་འཛོམས་དེའི་སྐབས་ཧིན་དྷུའི་ཆོས་བྱེད་པ་ཁག་དང་ལྷན་དུ་རྩ་རླུང་གི་ཉམས་ལེན་སྤྱི་དང་ལྷག་པར་དུ་གཏུམ་མོའི་ཉམས་ལེན་སོགས་ཀྱི་ཐད་བཀའ་བསྡུར་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།
གནས་ཚུལ་རྒྱས་པ་རྡ་རམ་ས་ལ་ནས་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་གནང་བ་དེ་གསན་རོགས་གནང་།