༸གོང་ས་མཆོག་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཞབས་སོར་འཁོད་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རག་ལ་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
-
2008-11-30 -
-
-
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ས་སྔ་དྲོ་ཇར་མ་ནིའི་ཕེརེང་ཕ་ཏི་རྒྱལ་སྤྱིའི་གནམ་ཐང་བརྒྱུད་སྒེར་བདག་གནམ་གྲུ་ཞིག་ནང་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རག་ལ་ཞབས་སོར་འཁོད་གནང་ཡོད་པ་རེད།
ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལྦཀ་ལེལྦ་ཧ་ལྦེལ་མཆོག་དང་ཕྱི་ལོ་ཉིས་སྟོང་ལོའི་གླེང་བསྟེགས་ཞེས་པའི་ཚོགས་པས་ཇི་ལྟར་གདན་ཞུ་ཕུལ་བ་བཞིན་༸གོང་ས་མཆོག་གིས་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་དེའི་ནང་དེ་རིང་བར་དགུང་ཞག་གསུམ་རིང་ཆོས་སྲིད་ཀྱི་མཛད་འཕྲིན་བསྐྱང་གནང་མཛད་རྒྱུ་ཡིན་པ་རེད། ༸གོང་ས་མཆོག་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སའི་གནམ་ཐང་དུ་ཞབས་སོར་འཁོད་གནང་སྐབས་རྒྱལ་ཁབ་དེའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཁང་གི་དྲུང་ཆེ་གཙོ་བོ་དང་ཕྱི་ལོ་ཉིས་སྟོང་ལོའི་གླེང་བསྟེགས་ཞེས་པའི་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ཨོལ་ཌ་སར་ནི་བཅས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་དང་དེ་རྗེས་༸གོང་ས་མཆོག་མགྲོན་ཁང་དུ་ཆིབས་བསྒྱུར་གནང་སྐབས་རྒྱལ་ཁབ་དེའི་ནང་གནས་བཞིན་པའི་བོད་མི་ཚོས་ཕེབས་བསུ་ཞུས་ཡོད་པ་རེད། ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་བརྙན་འཕྲིན་ཐོག་ལ་༸གོང་ས་མཆོག་གིས་གསུང་བཤད་གནང་དོན་སྙིང་པོར་ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་ལྷག་པར་དུ་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལྦཀ་ལེལྦ་ཧ་ལྦེལ་མཆོག་དང་ལྷན་དུ་ཡུན་རིང་བར་འབྲེལ་ཐག་ཧ་ཅང་ཉེ་པོ་ཡོད་པའི་སྐོར་གསལ་བཤད་གནང་བ་དང་སྦྲགས་བོད་རྒྱའི་དབར་གྱི་འབྲེལ་བའི་སྐོར་ལའང་གསུང་བཤད་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གི་ཐེངས་འདིའི་གཟིགས་བསྐོར་དེ་ནི་ཐེངས་བདུན་པ་དེ་ཡིན་པ་དང་༸གོང་ས་མཆོག་རྒྱལ་ཁབ་ཀྱི་གནམ་ཐང་དུ་ཞབས་སོར་འཁོད་པ་ནས་བཟུང་ག་པར་ཆིབས་བསྒྱུར་གནང་ཀྱང་གཞུང་གིས་སྲུང་སྐྱོབ་ཀྱི་གྲ་སྒྲིག་ཧ་ལས་པའི་ཟབ་རྒྱས་སྤྲོས་གསུམ་ལྡན་པ་གནང་མུས་ཡིན་པས་མ་ཟད་༸གོང་ས་མཆོག་བཞུགས་གདན་འཇགས་སའི་མགྲོན་ཁང་གི་ཕྱི་ནང་གང་སར་དུས་ཡུན་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ཉེན་རྟོག་པ་དང་བསྐོར་བྱ་བ་སོགས་འཇོག་མུས་ཡིན་པ་རེད། ༸གོང་ས་མཆོག་གི་ཐེངས་འདིའི་གཟིགས་བསྐོར་གྱི་གནས་ཚུལ་འདི་ཚོ་སུད་སིའི་གྲོང་ཁྱེར་ཇི་ནི་ལྦར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་ནས་བཏོན་གནང་བ་དང་བཙན་བྱོལ་བོད་གཞུང་གི་གནས་འཕྲིན་དྲ་རྒྱའི་ཐོག་འགྲེམས་སྤེལ་གནང་ཡོད་པ་རེད༎