༸གོང་ས་མཆོག་གི་ཨོ་སི་ཀྲོ་ལི་ཡའི་མཛད་འཆར་སྐོར།
༸གོང་ས་མཆོག་ཨོ་སི་ཀྲོ་ལི་ཡའི་གླིང་ཕྲན་ཊེ་སི་མེ་ནི་ཡའི་རྒྱལ་ས་ཧོ་སྦ་ཊེ་རུ་ཕྱི་ཚེས་བརྒྱད་ཉིན་ཞབས་སོར་འཁོད་གནང་ཡོད་པ་རེད།
-
2009-12-09 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལན་ནང་གི་མཛད་འཆར་ཁག་ལེགས་སྒྲུབ་ཀྱིས་ཨོ་སི་ཀྲོ་ལི་ཡའི་གླིང་ཕྲན་ཊེ་སི་མེ་ནི་ཡའི་རྒྱལ་ས་ཧོ་སྦ་ཊེ་རུ་ཕྱི་ཚེས་བརྒྱད་ཉིན་ཞབས་སོར་འཁོད་གནང་ཡོད་པ་རེད་
༸གོང་ས་མཆོག་ཊེ་སི་མེ་ནི་ཡ་ནང་ཆིབས་བསྒྱུར་བསྐྱངས་ནས་ཐོག་མར་ཊེ་སི་མེ་ནི་ཡ་གཙུག་ལག་སློབ་གྲའི་དགེ་སློབ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྙིང་རྗེའི་སྐོར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་ཏེ་ཡུལ་གྲུ་ཕན་ཚུན་ཆོས་ལུགས་གོ་རྟོགས་སྤེལ་རེས་བྱེད་ཡས་ཀྱི་ལས་འཆར་དེ་ཚོས་བོད་མི་དང་ནུབ་ཕྱོགས་མི་སྣ་ཕྱོགས་གཉིས་དབར་ཁེ་ཕན་ཡོད་པ་ཞིག་ཡིན་པའི་སྐོར་བཀའ་གནང་ཡོད་པ་རེད་
དེ་རྗེས་ཉིན་རྒྱབ་ཏུ་ཨོ་སི་ཀྲོ་ལི་ཡའི་ལྗང་གུ་ཚོགས་པའི་སྲིད་དོན་མི་སྣ་ནིཀ་མེ་ཀིམ་གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་གནང་ཡོད་པ་དང་དེའི་ཐོག་༸གོང་ས་མཆོག་ནས་བོད་ནང་གི་འཁོར་ཡུག་གནས་སྟངས་དེ་ཉམ་ཆགས་ཤུགས་ཆེ་འགྲོ་བཞིན་པའི་སྐོར་བསྐྱར་དུ་བཀའ་གནང་ཡོད་པ་མ་ཟད་བོད་དེ་བཞིན་སའི་གོ་ལའི་སྟེང་གི་མཐོ་སྒང་འཁྱགས་རོམ་ཨང་གསུམ་པར་ངོས་འཛིན་བྱེད་ཆོག་པ་དང་དེར་བརྟེན་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་དེས་བོད་ཀྱི་འཁྱམས་རོམ་གྱི་བཞུར་ཚད་ཇེ་མགྱོགས་སུ་བསྐྱོད་བཞིན་པ་དེར་གདོང་ལེན་གྱི་སྲུང་སྐྱོབ་ལས་དོན་ཛ་དྲག་གིས་སྤེལ་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཞིག་ཡིན་པའི་སྐོར་བཀའ་གནང་མཛད་འདུག་
དེ་རྗེས་ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་ལྗང་གུ་ཚོགས་པའི་གྲོས་ཚོགས་འཐུས་མི་རྒྱུན་དུ་ནས་བོད་དོན་ཐོག་ཤུགས་ཆེའི་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་སྦོབ་སྦ་རའོན་དང་དེ་བཞིན་ཊེ་སི་མེ་ནི་ཡ་མངའ་སྡེའི་འཁོར་ཡུག་སྡེ་ཚན་གྱི་བློན་ཆེན་དང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སོགས་དང་ལྷན་དུ་མཇལ་འཕྲད་གནང་ཡོད་ཅིང་།
དེ་མིན་༸གོང་ས་མཆོག་ནས་ས་གནས་མི་གྲངས་སྟོང་ཕྲག་བཞི་ལྷག་ཡོད་པའི་ཚོགས་འཛོམས་ཐོག་ང་ཚོའི་གོ་ལ་ཞེས་པའི་བརྗོད་གཞིའི་ཐོག་ནས་བཀའ་སློབ་གསུང་བཤད་བསྩལ་ཡོད་པ་རེད་
ཨོ་སི་ཀྲོ་ལི་ཡའི་གླིང་ཕྲན་མངའ་སྡེ་ཧོ་སྦ་ཊེ་ཡི་རྒྱལ་ས་ཊེ་སི་མེ་ནི་ཡ་དང་བོད་དབར་གྱི་འབྲེལ་ལམ་ཧ་ཅང་དམ་ཟབ་ཡོད་པ་དང་ཊེ་སི་མེ་ནི་ཡ་མཐོ་སློབ་ཁང་དང་ལྦ་ར་ན་སི་མཐོ་སློབ་ཁང་དབར་ཕན་ཚུན་རིག་གཞུང་དང་ཆོས་ལུགས་སོགས་ཀྱི་ཉམས་མྱོང་སྤེལ་རེས་ཀྱི་ལས་འཆར་སྤེལ་བཞིན་ཡོད་པ་རེད་