༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་དང་ཧི་མ་ལ་ཡ། ཕྱི་རྒྱལ་གྱི་དད་ལྡན་པ་ ༣༦༠ ལྷག་ལ་མཇལ་ཁ་སྩལ་འདུག
ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་བལ་འབུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་སྣ་མང་ཞིག་ལ་མཇལ་ཁ་སྩལ་གནང་མཛད་སོང་།
- 2025-04-25
-
-
-
ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་བལ་འབུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་སྣ་མང་ཞིག་ལ་མཇལ་ཁ་སྩལ་གནང་མཛད་སོང་།
མཇལ་ཁ་གྲུབ་མཚམས་སུ་ཨིན་ཡུལ་ནས་ཡིན་པའི་འབྱོར་ལྡན་ཁུལ་ལགས་ཀྱིས། ཁོང་ནས་ལོ་མང་རིང་བོད་ཀྱི་སྐད་དང་རིག་གཞུང་ཐད་སློབ་གཉེར་གནང་ཡོད་ལ། ད་ལྟའི་འཆར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ཟླ་བ་གསུམ་རིང་ཕྱགས་ལས་གནང་ཡོད་ཅིང་། ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་སྐབས་ཁོང་ནས་མགོན་པོ་གང་ཉིད་ལ་འཚམས་དྲི་ཞུས་པས་༸གོང་ས་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོས་བཞད་མོ་བཞད་གནང་བ་བྱུང་བས་ཤིན་ཏུ་ནས་བསྐལ་པ་བཟང་པོ་བྱུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་ནས་འཛམ་གླིང་ཞི་བདེ་དང་བྱམས་སྙིང་རྗེ། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་འགྲོ་བ་མི་རིགས་གཅིག་འགྱུར་ཐད་བཀའ་གང་གནང་གི་ཡོད་པ་དང་། མགོན་པོ་གང་ཉིད་ཀྱི་བཀའ་དེ་དག་བོད་མི་ཙམ་དུ་མ་ཡིན་པར་འཛམ་གླིང་སྐྱེ་འགྲོ་ཀུན་ནས་ཉམས་ལེན་གནང་ཐུབ་ཚེ་ཕན་རླབས་ཆེན་པོ་ཡོང་ངེས་ཡིན་ལ། དེ་ཙམ་དུ་མ་ཟད་བོད་སྲུང་སྐྱོབ་བྱེད་པ་དེ་ནི་བོད་མི་ཙམ་དུ་མ་ཟད་འཛམ་གླིང་སྲུང་སྐྱོབ་བྱེད་པ་དང་གཅིག་མཚུངས་ཡིན་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་བྷན་ད་ར་བོད་མིའི་གཞིས་ཆགས་ནས་ཡིན་པའི་བསོད་ནམས་བསྟན་འཛིན་ལགས་ཀྱིས། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་བྱུང་སྐབས་སེམས་ནང་དགའ་སྐྱོ་ཟུང་འབྲེལ་གྱི་བརྗོད་དཀའ་བའི་ཚོར་བ་ཞིག་བྱུང་ཞིང་། སྤྱིར་མཇལ་ཁའི་དུས་ཚོད་ཟླ་འདིའི་ཚེས་ ༢༣ ཉིན་གཏན་ཁེལ་བྱུང་ཡོད་ནའང་ཉིན་ཤེས་རིང་མགོན་པོ་མཆོག་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་ཐོས་པར་སེམས་སྐྱོ་སྣང་དང་། དེ་ལྟར་མགོན་པོ་གང་ཉིད་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་བཏབ་པ་བཞིན། དེ་རིང་སྔ་དྲོ་ཁོང་དང་ནང་མི་ཆ་ཚང་ལ་མགོན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད་པས་ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཡོད་པ་གསུངས་བྱུང་།
བལ་ཡུལ་ནས་ཡིན་པའི་རྡོ་རྗེ་ལགས་ཀྱིས། དེ་རིང་སྔ་དྲོར་ཁོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་བྱིན་རླབས་ཞུ་རྒྱུ་བྱུང་བ་དེ་ནི་ཤིན་ཏུ་སྐལ་བ་ཟང་པོ་བྱུང་ཡོད་པ་དང་། ལྷག་པར་དུ་དེ་ལྟ་བུའི་ཕོ་བྲང་ནང་མཇལ་ཁ་ཞུས་པ་ཐེངས་དང་པོ་ཡིན་པས་ད་ནི་ཤི་ནའང་གྱོད་པ་གང་ཡང་མེད་བསམ་པའི་བྱིན་རླབས་ཆེན་པོ་བྱུང་ཡོད་ཅིང་། ཁོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་ཡོང་འགྱུར་ལོའི་ནང་མགོན་པོ་གང་ཉིད་ཀྱི་མཇལ་ཁ་བསྐྱར་དུ་ཞུ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་པ་གསུངས་བྱུང་།
བལ་ཡུལ་ནས་ཡིན་པའི་སྒྲོལ་ལྷ་མོ་ལགས་ཀྱིས། ཁོང་ནས་དེ་སྔ་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་རེ་སྒུག་བྱས་ཡོད་ནའང་ད་བར་མཇལ་ཁ་ཐོབ་མེད་པས་དེ་རིང་དངོས་སུ་མགོན་པོ་གང་ཉིད་ཀྱི་ཞལ་མཇལ་བྱུང་བ་དེ་ནི་ཚད་ལས་བརྒལ་བའི་བྱིན་རླབས་ཆེན་པོ་བྱུང་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བའི་སྨོན་ལམ་ཡོད་པ་གསུངས་བྱུང་།
གཞི་རྩའི་དེ་རིང་གི་མཇལ་ཁའི་ཁྲོད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོ་ཆེན་པོ་མཆོག་གིས་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་ཕེབས་པའི་མཇལ་བཅར་བ་ ༣༦༠ ལྷག་ཙམ་ཞིག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད་འདུག །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།